ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དགུན་དཔྱིད་ཀྱི་རིང་ལ། མཚོ་ནུབ་ཁུལ་གྱིས་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས།“གངས་འཁྱག་བརྗོད་བྱ་གཙོ་བོའི་བྱ་འགུལ་དང་། དམངས་སྲོལ་རིག་གནས་ཉམས་ལེན། ཆུ་ཚན་ལུས་གསོའི་ཡུལ་སྐོར། གནམ་རིག་ལྟ་ཞིབ་ཚད་ལེན། དགུན་དུས་པར་ལེན་འགྲན་བསྡུར་ཆེན་མོ། སྤྲོ་སེམས་བརྒལ་བའི་ཡུལ་སྐོར། ཁྱད་ལྡན་ཞིམ་ཟས་འདུ་ཚོགས”བཅས་བྱ་འགུལ་ཆེ་གྲས7དང་སྣ་ཁ50ལྷག་གི་བྱ་འགུལ་སྤེལ་རྒྱུ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། གངས་འཁྱག་བརྗོད་བྱ་གཙོ་བོའི་བྱ་འགུལ་དེ་གངས་འཁྱགས་དུས་ཆེན་གྱི་སྤྲོ་ཚོགས་དང་གངས་འཁྱགས་ལུས་རྩལ་འགྲན་ཚོགས་འདུས་ཡོད་པ་དང་། མི་འགྱངས་བར་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། མང་ངེ་གྲོང་ཁྱེར་བཅས་སུ་སྤེལ་རྒྱུ་ཡིན་ལ། ས་གནས་དེ་གའི་གངས་འཁྱགས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་དགུན་དུས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད། དམངས་སྲོལ་རིག་གནས་ཉམས་ལེན་དེ་གཙོ་བོ་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། ལོ་སར་བཅོ་ལྔའི་དུས་ཆེན་སོགས་དུས་ཆེན་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་དགུན་དཔྱིད་རིག་གནས་ཡུལ་སྐོར་བྲིན་ཚོང་དང་སྤྱི་ཚོགས་ཀྱི་འཁྲབ་སྟོན་ལ་བརྟེན་ནས་དཔྱིད་གསར་བསུ་བ་སོགས་ཀྱི་བྱེད་སྒོ་ཚུད་ཡོད། ད་དུང་ཚྭ་འདམ་ཆེ་བའི་གངས་རིའི་ཆུ་ཁོལ་གྱི་དགུན་དུས་ལུས་གསོ་དང་། གྲང་མཚེའུའི་གནམ་གཤིས་བརྟག་དཔྱད་རྟེན་གཞིའི་ཞིབ་འཇུག་སློབ་སྦྱོང་དང་ཡུལ་སྐོར། མེས་རྒྱལ་གྱི་ནོར་གཞོང་ངོ་མཚར་ཚྭ་འདམ་གཞོང་པར་ལེན་འགྲན་བསྡུར། སྤྲོ་སེམས་ཚྭ་འདམ་བརྒལ་བ་སོགས་མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་དུ་སྤེལ་རྒྱུ་རེད།
མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ10པའི་བར། མཚོ་ནུབ་ཁུལ་དུ་ཡོང་བའི་ཡུལ་སྐོར་བའི་གྲངས་ཀ་མི་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བདུན་ཁྲི་དྲུག་དང་སྟོང་གསུམ་ཡོད་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་བདུན་འཕར་ཡོད། ཡུལ་སྐོར་གྱི་ཡོང་སྒོར་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་གསུམ་བྱེ་བ་གཅིག་ལྷག་ཡོད་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་བཞི་འཕར་ཡོད། མཚོ་ནུབ་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཡུས་ཧྥང་གིས་བཤད་རྒྱུར། “མཚོ་ནུབ་ལ་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས། སྣ་མང་གི་སྐྱེ་ཁམས་ཐོན་ཁུངས་བཅས་ཡོད་པས། ང་ཚོས་དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཁྲོམ་རར་གསར་སྤེལ་དང་། ཁྱབ་གདལ། ཁྲིད་སྟོན་བཅས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། མཚོ་ནུབ་ཀྱི་དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་ཟོང་རྟགས་ཀྱི་ཚོང་གཉེར་ལ་སྐུལ་འདེད་གཏོང་བ་དང་། དུས་བཞིར་བརྟེན་ནས་དུས་ཚིགས་ཡག་ཤོས་ལ་སྐུལ་ཁྲིད་དང་། དུས་ཚིགས་ཡག་ཤོས་ལ་བརྟེན་ནས་དུས་ཚིགས་བཞིར་འདེགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་ནུབ་ཀྱི་དགུན་དཔྱིད་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཁྲོམ་ར་རྒྱུན་མཐུད་ངང་སྒྲུབ་རྒྱུ་ཡིན”ཟེར།