གསར་འགྱུར་མེ་ལོང་།
 

མཚོ་སྔོན་འཐུས་ཚབ་ཚོགས་པ་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པར་ཞུགས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-06-02  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ5པའི་ཚེས25ཉིན། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་ཐོག་དང་པོར་སྐུ་མགྲོན་ཞིང་ཆེན་གཙོ་བོའི་ཐོབ་ཐང་ཐོག་སྟོན་ཚོགས་ལ་ཞུགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་ཡིས་ནུབ་རྒྱུད་སྟོན་ཚོགས་མཚོ་སྔོན་འགྲན་སྟོན་ཁང་དུ་རྟོག་ཞིབ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལུའོ་ཏུང་ཁྲོན་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་ནུབ་རྒྱུད་དངུལ་གཏོང་གསལ་བཤད་ཚོགས་འདུ་སྐབས་བཅུ་གསུམ་པ་དང་དཔལ་འབྱོར་མཉམ་ལས་ལས་གཞིའི་མིང་རྟགས་འགོད་པའི་མཛད་སྒོར་མགོ་འཛིན་མཛད།

ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་འབུལ་སྐབས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱི་ཐུགས་ཁུར་དང་མཛུབ་སྟོན་འོག ནུབ་རྒྱུད་དངོས་མང་སྟོན་ཚོགས་ནི་ཡུལ་ཁོངས་རང་བཞིན་གྱི་འགྲེམ་སྟོན་ལས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཡོད་པའི་སྒོ་འབྱེད་ཀྱི་སྟེགས་བུ་ཞིག་ཏུ་གྱུར་ཅིང་། དེ་ཉིད་ཀྲུང་གོའི་ནུབ་རྒྱུད་ཀྱིས་འཛམ་གླིང་ལ་འབྲེལ་འདྲེས་བྱེད་པའི་གསེར་གྱི་སྦྲེལ་ཟམ་ཞིག་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚན་རྩལ་ནུབ་རྒྱུད་དུ་འདྲེན་པའི་འཐབ་ཇུས་མཐོ་ས་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་འཕྲིན་གལ་ཆེན་གྱིས། ནུབ་རྒྱུད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་དང་ཡུལ་ཁོངས་བརྗེ་རེས་མཉམ་ལས་ཟབ་མོར་སྤེལ་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་རོགས་སྐུལ་བྱེད་པ་བཅས་ལ་མདུན་སྐྱོད་ཁ་ཕྱོགས་སྔར་ལས་ལྷག་པར་གསལ་སྟོན་གནང་། སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ནི“བཅོས་སྒྱུར་ཟབ་སྤེལ་སྒོས་སྒུལ་ནུས་འཕེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་ཀྱིས་འཕེལ་རྒྱས་ལ་སྐུལ་བ”ཞེས་པ་བརྗོད་དོན་དུ་བཟུང་བ་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཞིང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་དེ་སྤུས་འདེགས་ནུས་སྤེལ་གྱི་འཕེལ་རྒྱས་སྐས་རིམ་གསར་པར་བསྐྱོད་པ་མངོན་ཡོད། མཚོ་སྔོན་ནི“གཙང་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་ལྕོག”ཡིན་པའི་ཆ་ནས། མཐོ་སྒང་གི་དམིགས་བསལ་སྐྱེ་ཁམས་དགེ་མཚན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་འགན་འཁྲི་ཕྲག་ཏུ་བླངས་ཡོད། དུས་རབས་གསར་པའི་བགྲོད་ལམ་གསར་པའི་ཐོག མཚོ་སྔོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་བློ་བརྟན་པོས་མདུན་དུ་བསྐྱོད་པ་དང་། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་སྣེ་ཁྲིད་དུ་བཟུང་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞིའཐབ་ཇུས་དམིགས་འབེན་འཛུགས་སྐྲུན་ལ་དམིགས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་མཛེས་སྡུག་དང་ཐོན་ལས་དར་རྒྱས་ཕན་ཚུན་རོགས་འདེགས་བྱེད་པར་མྱུར་ཏུ་སྐུལ་འདེད་བཏང་། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་དང་། ཕྱོགས་སོ་སོར་ལག་གདང་སྦྲེལ་ནས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་རྩིག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་སྐྲུན་པ། “རྒྱུད་གཅིག་ལམ་གཅིག”མཉམ་ལས་ལས་སྟེགས་མཉམ་དུ་བསྐྲུན་ཏེ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྒོ་འབྱེད་ཀྱི་གསོན་ཤུགས་གསར་པ་མངོན་དུ་འཇུག་རྒྱུ་ཡིན། སྐུ་མགྲོན་རྣམས་མཚོ་སྔོན་ལ་ཕེབས་པར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུས་པ་ཡིན་ལ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས26པར་མཉམ་ཕེབས་སྒོས། “རབ་མཛེས་མཚོ་སྔོན”ལ་མཉམ་རོལ་གནང་དུ་ཕེབས་པར་དགའ་བསུ་ཞུས་པ་ཡིན།

ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་གནང་སྐབས་གསུང་དོན། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་མཛེས་རིས་བྲིས་པ་དང་། གནས་འདི་ནི་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་ཀྱི་མདུན་གྲས་ཡིན་ལ། འཕེལ་རྒྱས་གོ་སྐབས་ཀྱི་རབ་ཏུ་ཕྱུག་པའི་དངུལ་གཏོང་ས་ཆ་ཞིག་ཀྱང་ཡིན་ཞིང་། བྱས་འབྲས་ཆེན་པོ་འཇོག་ཐུབ་པའི་ཁོར་ཡུག་ཆེན་པོ་ཞིག་ཀྱང་ཡིན། རྒྱ་ཆེ་བའི་དངུལ་གཏོང་པ་དང་ཁེ་ལས་པས་གོ་སྐབས་བརྩོན་ལེན་དང་ནུབ་རྒྱུད་བཀོད་སྒྲིག་བྱེད་པ་དང་། དངུལ་གཏོང་ལས་དར་དང་ལག་སྦྲེལ་མཉམ་ལས་བྱས་ཏེ། སྔར་ལས་དར་རྒྱས་མཛེས་སྡུག་ལྡན་པའི་ནུབ་རྒྱུད་ཀྱི་མ་འོངས་པ་གསར་པ་མཉམ་དུ་གསར་འབྱེད་བྱེད་དུ་ཕེབས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་ཡིན།

མཚོ་སྔོན་འགྲེམ་ཁུལ་གྱིས“རྒྱལ་སྤྱིའི་ལས་སྟེགས་སྐྲུན་པ་དང་ཞིང་ཆེན་རིམ་པའི་མཐུན་སྦྱོར་ཟབ་སྤེལ་བྱེད་པ། ལྗང་མདོག་སྒུལ་ནུས་སློང་བ”བཅས་བརྗོད་དོན་གཙོ་བོར་བྱས་ནས། གཙོ་བོ་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་ཀྱི་འཚོལ་ཞིབ་འགྲེམ་སྟོན་བྱས། ལུའོ་ཏུང་ཁྲོན་གྱིས་འགྲེམ་ཁང་དུ་སྐོར་ཞིབ་གནང་སྐབས་གསུང་དོན། སྔར་ལས་ལྷག་པར་རྣམ་པ་གསར་གཏོད་དང་ཐེག་བྱེད་ཕུན་སུམ་ཚོགས་པར་གཏོང་བ། མཚོ་སྔོན་དྲིལ་སྒྲོག་ཤུགས་ཆེན་པོ་བྱེད་པ། “མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་ཀྱི་ཤུགས་རྐྱེན་ནུས་པ་རྒྱ་བསྐྱེད་དེ། སྔར་ལས་མང་པོའི་ཚོང་མགྲོན་མཚོ་སྔོན་དུ་དངུལ་གཏོང་ལས་དར་དུ་འགུག་དགོས།

ལིའུ་ཁྲའོ་ཡིས་དངུལ་གཏོང་གསལ་བཤད་ཚོགས་འདུའི་ཐོག་ཚྭ་མཚོ་ཐོན་ཁུངས་དང་ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར། སྐྱེ་ལྡན་ཞིང་ཕྱུགས། ལྗང་མདོག་རྩིས་ནུས། ཚོང་གཉེར་ཁོར་ཡུག་བཅས་ཕྱོགས་དྲུག་ལ་དམིགས་ནས“མཚར་སྡུག་གི་མཚོ་སྔོན། སྤུས་གསར་གྱི་མ་འོངས་པ”ཞེས་པའི་བརྗོད་དོན་འོས་སྦྱོར་བྱས། རང་ཞིང་གི་གཙོ་གནད་ལས་གཞི2ལ་ཡུལ་དངོས་སུ་མིང་རྟགས་བཀོད་པ་དང་། ཁེ་ལས20ལྷག་འགྲེམ་སྟོན་ལ་ཞུགས། །

གོང་མ།:ལི་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་ལ་ཐུག་འཕྲད་གནང་བ།

ཞོལ་མ།:ཆའོ་ཡཱ་ཆུན་གྱིས་གཏེར་ལེན་ཁ་རུ་ཁྱིམ་ཚང་དང་སྡེ་ཁུལ་དུ་བསྐྱོད་དེ་སྡོད་དམངས་དང་བཞུགས་མོལ་བྱས།