ཟླ8པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྒྲུབ་སྐུལ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཕེན་ཨན་ས་ཁུལ་དུ་སོང་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ་འཐུས་མིས་བཏོན་པའི《ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་བརྟེན་ནས་རང་ཞིང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞི(251062)》སྒྲུབ་པའི་གནས་ཚུལ་གཙོ་གནད་དུ་བཟུང་ནས་སྒྲུབ་སྐུལ་ཞིབ་བཤེར་བྱས། གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ལི་གོ་ཚུའེ་མཉམ་དུ་ཞིབ་བཤེར་ལ་ཞུགས།
སྒྲུབ་སྐུལ་ཚན་ཆུང་གི་མི་རྣམས་མཚོ་སྔོན་ཧུའུ་ཧྥུན་ཞིང་ལས་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སི་དང་། ཧུའུ་ཀྲུའུ་རྫོང་ཐའེ་ཙི་ཡུལ་ཚོ་མཐོ་སྒང་སྔོ་ཚལ་ཐོན་ལས་གླིང་། མཚོ་ཤར་གྲོང་ཁྱེར་ཝན་མུའུ་ཞིང་ཕྱུགས་འཕེལ་རྒྱས་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ནགས་ཕྱུགས་ཚོང་ཟོག་ཉོ་ཚོང་ལྟེ་གནས། མཚོ་སྔོན་གཙང་ཆུའི་འབྱུང་ཡུལ་ཞིང་ཕྱུགས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་སུ་སོང་སྟེ། ཡུལ་དངོས་ནས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་གྱི་ཡར་ཞུ་བྱས་པར་ཉན་པ་མ་ཟད། གྲོས་གཞི་བཏོན་པའི་འཐུས་མིས་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་བསམ་འཆར་བསྡུ་ལེན་བྱས།
སྒྲུབ་སྐུལ་ཚན་ཆུང་གིས་བསྟན་དོན། གཞི་ཁྱོན་ཅན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སྣེ་ཁྲིད་ཁེ་ལས་གསོ་སྐྱོང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ་འཛུགས་པ། "ཆེད་ལས་སྤུས་ལེགས་དང་དམིགས་བསལ་གྱི"ལས་སྣོན་ཁེ་ལས་གསོ་སྐྱོང་བྱས་ཏེ། ཞིང་ཕྱུགས་ལས་ཐོན་སྐྱེད་རྩ་འཛུགས་ཅན་དང་། གཞི་ཁྱོན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཚད་ལྡན་ཅན་གྱི་ཐོན་སྐྱེད་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་ཀྱི་སྔོན་དང་། ཐོན་སྐྱེད་ཀྱི་སྐབས། ཐོན་སྐྱེད་ཀྱི་རྗེས་བཅས་ཀྱི་གོ་རིམ་སོ་སོའི་ཐོན་ལས་འབྲེལ་ཐག་ཧྲིལ་བོའི་ཚད་གཞིའི་མ་ལག་འཛུགས་པ། གཙོ་གནད་རིགས་དང་གཙོ་གནད་བྱ་རིམ་གྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱ་དགོས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཟོང་རྟགས་དར་སྤེལ་གཏོང་བ་དང་། གཅིག་བསྡུས་དྲིལ་སྒྲོག་དང་ངོ་སྤྲོད་བྱས་ཏེ་སྤུས་ཚད་གཅིག་མཚུངས་ཅན་གྱི་འགྲན་རྩོད་ཀྱི་ཚུལ་ངན་པ་གཏོར་ནས་ཟོང་རྟགས་ཀྱི་ཕྱི་ཕྱོགས་དྲིལ་སྒྲོག་ནུས་པ་དང་། ཤུགས་རྐྱེན་ཐེབས་ཚད། སྐད་གྲགས་ཆོད་ཚད་བཅས་མུ་མཐུད་དུ་ཆེ་རུ་གཏོང་དགོས། སྤུས་ཚད་ཁུངས་འདེད་མ་ལག་གི་སྟེགས་བུ་ཆ་ཚང་བསྐྲུན་པ་དང་། དྲ་སྦྲེལ་བརྒྱུད་དེ་སྤུས་ཚད་ཁུངས་འདེད་ཆ་འཕྲིན་ཟིན་ཐོ་ཡིག་ཚགས་ཆ་ཚང་བཙུགས་ནས། འཛད་སྤྱོད་པས་ཐོན་རྫས་སྣ་ཚོགས་ཀྱི་སྤུས་ཚད་ཆ་འཕྲིན་སྟབས་བདེའི་ངང་འདྲི་རྩད་བྱེད་པར་འགན་སྲུང་བྱེད་དགོས། །