གསར་འགྱུར་མེ་ལོང་།
 

ཐེམ་ཆེན་རྫོང་གི“དྲུག་པའི་གླུ་རོལ”དང་རོང་འབྲོག་པའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྤེལ་མགོ་བརྩམས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-08-19  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ8པའི་ཚེས16ཉིན་ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་རྟ་རྒྱུག་ར་བའི་ནང་ཚོན་མདོག་དར་ཆ་གཡུག་གཡུག་དང་དགའ་སྤྲོའི་འུར་སྒྲ་འཕྱུར་བཞིན་ཡོད་ལ། 2025ལོའི་གཙང་བའི་འབྱུང་ཁོངས·གནས་མཆོག་ཐེམ་ཆེན་རྫོང་གི“དྲུག་པའི་གླུ་རོལ”དང་རོང་འབྲོག་པའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གནས་འདི་རུ་མགོ་ཚུགས།

“དྲུག་པའི་གླུ་རོལ”ཞེས་པ་དེ་ནི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལུས་རྩལ་འགྲན་རྩལ། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ཡོད་པའི་འདུ་འཛོམས་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་སོ་སོའི་མང་ཚོགས་རྣམས་མཛེས་སྡུག་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་མཉམ་འཛོམས་ལྷན་གཅིག་ཏུ་རྩྭ་ཐང་སྟེང་གི་རིག་གནས་ལུས་རྩལ་སྤྲོ་སྣང་ནང་ཞུགས། བྱེད་སྒོ་ཉིན་དེའི་མགོ་ཚུགས་མཛད་སྒོ་ལས་རིག་རྩལ་འཁྲབ་སྟོན་གྱི་གོ་རིམ་ངོ་མཚར་ཆེ་ཞིང་། འཁྲབ་སྟོན་པ་ཚོས་མཛེས་སྡུག་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་མཛེས་པའི་སྟངས་སྟབས་དང་སྙན་པའི་གླུ་སྒྲ་ལ་བརྟེན་ནས་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྱི་ཉམས་འགྱུར་མངོན།

ཐེངས་འདིའི་བྱེད་སྒོ་ལས“ལུས་རྩལ་དང་དྲིལ་བསྒྲགས། རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ”བཅས་སྣ་མང་མཉམ་འདྲེས་རྣམ་པ་གསར་བ་བཀོལ་ཡོད་པ་དང་། འགྲན་རའི་མཐའ་འཁོར་དུ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ཁུལ་དང་། ཁྱད་ལྡན་རོང་འབྲོག་ཐོན་རྫས་འགྲེམ་ཚོང་ཁུལ། ཟས་མཆོག་ཉམས་ལེན་ཁུལ། པར་ལེན་བརྩམས་ཆོས་འགྲེམ་སྟོན་ཁུལ་བཅས་བཙུགས་ཡོད། ཡུལ་སྐོར་བས་ཐག་ཉེ་ནས་བོད་ཀྱི་གཙགས་དྲུབ་ལག་རྩལ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་མྱོང་རོལ་བྱེད་པ་དང་། སྐམ་ཤ་དང་བོད་ལུག་གི་ཤ། ནས་ཕྱེ་བག་ལེབ་སོགས་ཁྱད་ལྡན་ཞིམ་ཟས་བྲོ་བ་མྱོང་བ། “ཐེམ་ཆེན་འབྲུ་གཡག”དང་། “ཐེམ་ཆེན་བོད་ལུག”སོགས་མིང་རྟགས་དང་དམིགས་བསལ་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པ་འདེམས་ཉོ་བྱེད་ཐུབ།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ལུས་རྩལ་འགྲན་བསྡུར་དེ་ཟླ8པའི་ཚེས20ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་སྐབས་སུ“རྟ་རྩལ་འགྲན་བསྡུར”དང་བོད་ཀྱི“ལ་གཞས”འགྲན་བསྡུར། “བོད་ཀྱི་གྱོན་ཆས་འགྲེམ་སྟོན”“དྲ་རྒྱའི་འབྲོག་གླུ་གནས་མཆོག་འདི་རུ་ལེན”ཞེས་པའི་ཆེད་དམིགས་རོལ་དབྱངས་འདུ་ཚོགས་སོགས་ཁྱད་ཆོས་ལྡན་པའི་རིག་རྩལ་བྱེད་སྒོ་དང་། དེ་བཞིན་ཐག་འཐེན་དང་། གླང་ཆེན་ས་ཕྱགས། ལྗིད་འདེགས། འབྲུ་གཡག་འགྲན་བསྡུར་སོགས་སྲོལ་རྒྱུན་ལུས་རྩལ་ཀྱི་རྣམ་གྲངས་བཅས་གཉེར་ནས། སྔར་ལས་ལྷག་པར་རིག་གནས་ཡུལ་སྐོར་དང་ལུས་རྩལ་སོགས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་།ཐེམ་ཆེན་ས་ཁུལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།   །

གོང་མ།:ཞི་ཅིན་ཕིང2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་རྒྱུ་ཡིན་པ་མ་ཟད་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་ཡིན་པ།

ཞོལ་མ།:མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་གཙོ་བོར་སྒྲུབ་སྐུལ་བྱས།