གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-04  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


 ཟླ9པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐང་རྒོད་ཅན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་སྐུལ་སྤེལ་བྱེད་པའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། གནས་ཚུལ་སྙན་ཞུ་ཕུལ་བར་ཉན་ནས་གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས་ཤིང་། མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་རྣམ་འགྱུར་ལ་བརྟེན་ནས་ལོ་ཧྲིལ་བོའི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན།“བྱང་གསུམ”བཟོ་སྐྲུན་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་བཅས་དང་འབྲེལ་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དེ་དུས་རབས་གསར་པའི“བྱང་གསུམ”བཟོ་སྐྲུན་སྐུལ་སྤེལ་བྱེད་པའི་སྤྱིའི་སྒུལ་ཤུགས་དང་། སྤྱིའི་རྩ་འཛིན། སྤྱིའི་བསྲུང་བྱ་རུ་བརྩིས་ཏེ། “བྱང་གསུམ་སྙིང་སྟོབས”ནུས་ཤུགས་ཆེན་པོས་དར་སྤེལ་བཏང་ཞིང་། “བྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་འཐབ་ཇུས་ཀྱི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་བྱང་ཕྱོགས་ས་ཁུལ་དུ་ལྗང་མདོག་གི་ལྕགས་རི་བསྐྲུན་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི“བྱང་གསུམ”བཟོ་སྐྲུན་མཁྲེགས་གཏོར་འཐབ་ཇུས་ཀྱི་ཤུགས་འདོན་ས་གཙོ་བོ་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་ཤུགས་འདོན་གནས་གནད་འཁེལ་དང་ཡང་དག་ཡིན་དགོས་ལ། སྤུས་ཚད་ལ་འགན་སྲུང་ཡོད་པའི་སྒོ་ནས་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་འཁེལ་སྒོས་ལས་གཞིར་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་བྱང་གསུམ་བཟོ་སྐྲུན་གྱི་སྤྱིའི་འཆར་འགོད་དང་རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སོགས་དང་སྦྲེལ་མཐུད་དམ་ཟབ་བྱས་ནས། འཆར་འགོད་ལས་འགན་དང་ཚད་གཞི་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་དགོས། བཅོས་སྐྱོང་ཁྱབ་ཁོངས་ལུགས་མཐུན་གྱིས་བཀོད་སྒྲིག་དང་། དཀྱིལ་སྙིང་ཁུལ་གྱི་བྱེ་འགོག་བྱེ་བཅོས་བྱ་བ་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། གྲོང་རྡལ་མཐའ་འཁོར་གྱི་རི་ཆུ་ལྗང་སྒྱུར་བྱ་བ་ལེགས་པོར་སྒྲུབ་པ་དང་། སྔར་ལས་ཁྱབ་ཆེ་བའི་ཁུལ་ཁོངས་སུ་སྤུས་ཚད་མཐོ་ཞིང་ཐོན་ལས་དར་བ། དམངས་ལ་ཕན་པ་བཅས་ཀྱི“བྱང་གསུམ”ལས་གཞི་འཆར་འགོད་བྱེད་དགོས། བཅོས་སྐྱོང་བྱེད་ཐབས་མ་ལག་དང་ལྡན་ཞིང་ཚན་རིག་དང་མཐུན་པར་དོ་སྣང་བྱས་ཏེ། ཆུ་ལ་བརྟེན་ནས་ལྗང་སྒྱུར་དང་ཁུལ་ཁོངས་བགར་ནས་ཇུས་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་གི་འདེགས་སྐྱོར་ལ་བརྟེན་ནས་ཚན་རིག་གི་བཅོས་སྐྱོང་ཤུགས་དྲག་ཏུ་གཏོང་དགོས། བཅོས་སྐྱོང་རྣམ་པ་སྣེ་མང་ཅན་ལ་དོ་སྣང་བྱས་ཏེ། སྔར་ལས་མང་བའི་སྤྱི་ཚོགས་ཀྱི་མ་རྩ་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་མ་བཏང་སྟེ། ལམ་ལ་བརྟེན་ནས་བྱེ་འགོག་དང་། འོད་ནུས་བྱེ་བཅོས། ཐོན་ལས་བྱེ་བཅོས་བཅས་ལ་སྐུལ་འདེད་བཏང་ནས། ཞིང་འབྲེལ་ཞིང་ཁྲིད་དང་མཉམ་འགོག་མཉམ་བཅོས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། ལས་གཞིའི་སྤུས་ཚད་ཚོད་འཛིན་ནན་མོ་བྱས་ཏེ། ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་དང་། ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོང་བྱས་ཏེ། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་དེ་ཁྱད་དུ་འཕགས་པའི་བཟོ་སྐྲུན་དང་། སྤུས་ལེགས་བཟོ་སྐྲུན། བློ་བདེའི་བཟོ་སྐྲུན་ཞིག་ཏུ་འགྱུར་བར་འབད་པ་བྱས་ནས། མཚོན་བྱེད་རང་བཞིན་གྱི་འཐབ་ཇུས་ལག་བསྟར་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ཡིད་ཚིམ་དུ་འཇུག་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཐང་རྒོད་ཅན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་བརྟན་པོར་ཁུར་ནས། བསམ་བློའི་ངོས་འཛིན་སྟེང་ཡང་བསྐྱར་མཐོ་ཚད་གསར་པར་འགྲེང་པ་དང་། བཟོ་སྐྲུན་དོ་དམ་དང་སྤུས་ཚད་ཀྱི་སྟེང་ནས་མུ་མཐུད་ཤུགས་བཏོན་ཏེ། ཚན་རིག་དང་མཐུན་པར་ཚད་གཞི་དང་དུས་རིམ་བགར་བ། ལས་གཞི་འཛུགས་པའི་འགག་སྒོ་དང་། ཇུས་འགོད་འགག་སྒོ། ལས་སྐྲུན་འགག་སྒོ། དཔྱད་ཞིབ་བསྡུ་ལེན་འགག་སྒོ་བཅས་ཇེ་དམ་དུ་བཏང་ནས། འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལ་ཤུགས་སྣོན་པ་དང་། ལས་གཞི་འཛུགས་སྐྲུན་བཟང་པོ་དང་དོ་དམ་ཡག་པོ་བྱེད་པར་ཁག་ཐེག་བྱ་དགོས། ཚན་རིག་གི་བྱེ་བཅོས་སྟེང་མུ་མཐུད་ཤུགས་བཏོན་ཏེ། ཁུལ་ཁོངས་བགར་ནས་བཅོས་སྐྱོང་དང་། གནོད་པར་དམིགས་ནས་འགོག་སྲུང་བྱེད་དགོས་ལ། བྱེ་བཅོས་དང་ཆུ་བཅོས། རི་བཅོས་བཅས་རྒྱུ་རྐྱེན་ཧྲིལ་བོའི་མཐུན་སྦྱོར་དང་དོ་དམ་ལ་ཤུགས་བསྣན་ནས། མ་ལག་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་གི་རྣམ་པ་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། གྲུབ་འབྲས་ས་བརྟན་དུ་གཏོང་བའི་སྟེང་མུ་མཐུད་ཤུགས་བཏོན་ཏེ། བདག་གཉེར་དོ་དམ་དང་སྲུང་སྐྱོབ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། རྩྭ་ཐང་གི་སྤུས་ཚད་གནད་འཁེལ་སྒོས་མཐོར་འདེགས་གཏོང་བ་དང་། ནགས་རྩྭའི་ཐོན་ཁུངས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་བཅོས་སྐྱོང་གྲུབ་འབྲས་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ཐང་རྒོད་ཅན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དང“བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་སྤྱིའི་སྐུལ་སྤེལ་གནས་ཚུལ་ཁྱབ་བསྒྲགས་བྱས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ལ། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་དང་། ཝང་ཝེ་ཏུང་དང་ཀྲུའུ་ཞང་ཧྥེང་། ལུའེ་ཀང་། ལིའུ་ཐའོ་སོགས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།  །

གོང་མ།:མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་པ།

ཞོལ་མ།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།