ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། "ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན"ཐེངས་བརྒྱད་པ་བསླེབ་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང"ཞིང་གསུམ"འཐབ་ཕྱོགས་སུ་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོར། ང་ཚོས་ཐན་པ་དང་ཆུ་ལོག་སོགས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཁྱད་དུ་བསད་ཅིང་། དབྱར་འབྲུ་བརྟན་པོའི་ངང་ཐོན་སྐྱེད་དང་སྔ་སྨིན་འབྲས་ཀྱི་ཐོན་ཚད་འཕར་བ་མངོན་འགྱུར་བྱས་ནས་ལོ་ལེགས་ཆེན་པོ་བྱུང་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཚན་རྩལ་སྒྲིག་ཆས་ཀྱི་འདེགས་སྐྱོར་ཆེ་རུ་གཏོང་དགོས་ལ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཞིང་པའི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་དགོས། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱིས་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ལས་རིགས་སོ་སོས་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་ཅིང་། བདེ་སྡོད་ལས་བརྩོན་དང་འཆམ་མཛེས་གྲོང་གསེབ་ཧུར་ཐག་གིས་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་གི་མ་འོངས་པར་མཉམ་དུ་བསྐྱོད་དགོས་པའི་རེ་བ་བཏོན། །