ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་རྒྱུར། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་འཁོར80ལོན་པའི་སྐབས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ། རང་ཉིད་ཀྱི་མིང་ཐོག་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་དེ་བཞིན་ཁྲའོ་ཞན་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ80རིང་། ཁྲའོ་ཞན་ངལ་རྩོལ་ཏང་གིས་ཁྲའོ་ཞན་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཧུར་བརྩོན་ཡར་རྒྱས་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཁྲའོ་ཞན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་མ་ཁྲིད་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ཇེ་ལེགས་སུ་གཏོང་བ་བཅས་ལ་འབད་བརྩོན་ཧུར་ཐག་བྱས་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཡིས་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་བརྟན་པོ་འོག ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ནས། ཁྲའོ་ཞན་ངལ་རྩོལ་ཏང་གི་ཚོགས་ཆེན་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན། ཉེ་བའི་ལོ་ཤས་རིང་། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཐུག་འཕྲད་ཐེངས་མང་བྱས་ཏེ། ཏང་གཉིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་བརྩེའི་ལེའུ་གསར་བ་ཞིག་བརྩམས་ཡོད། སྔོན་ཏག་ཏག་ལ། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་བྱེད་སྒོར་ཕེབས་ཤིང་། ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་གྲོས་མོལ་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་མཛའ་བརྩེ་མཉམ་ལས་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ལེགས་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ལ་ཞབས་འདེགས་ཞུས་ནས། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད། ཁྲའོ་ཞན་ངལ་རྩོལ་ཏང་ལ་རྒྱུན་ཆད་མེད་པར་སྔར་ལས་ཆེ་བའི་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་ནམ་ཡང་ཡུན་རིང་གཏན་འཇགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། །