ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། མཐོ་སྒང་གི་ཚ་གཡོལ་ལུས་གསོ་དང་གནས་གསུམ་འཛུགས་སྐྲུན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྔོག་འདོན་དང་ལེགས་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ལྟར། ཁྱད་ལྡན་ཁྱད་སྟོབས་ཇེ་བརྟན་དུ་གཏོང་བ་དང་། མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། ཏ་ཐུང་གི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་གཏོད་དགོས།
མགོན་པོ་བཀྲ་ཤིས་ཐོག་མར་ཏ་ཐུང་རྫོང་གི་གནས་གསུམ་འཛུགས་སྐྲུན་རྗེས་དྲན་ཁང་དུ་སོང་ནས་རྟོག་ཞིབ་བྱས། འགྲེམས་ཁང་གིས་བཟོ་ཁུལ706གིས་ཉར་ཚགས་བྱས་པའི་འཁོར་སྟེགས་ལྕི་རིགས་དང་། མེ་འཁོར་གྱི་མགོ། བཟོ་ཁང་སོགས་ཤུལ་བཞག་དངོས་རྫས་དང་དེ་མིན་རྩ་ཆེ་བའི་ལོ་རྒྱུས་ཡིག་ཚགས་དང་། གཟུགས་བརྙན་རྒྱུ་ཆ་སོགས་ལ་བརྟེན་ནས་ལྗོངས་རྣམ་སླར་གསོ་དང་སྨྱན་མང་གཟུགས་ཀྱི་བརྙན་རིས། མཉམ་འགུལ་སྒྲིག་ཆས་སོགས་ཀྱི་རྣམ་པ་བརྒྱུད་དེ། གནས་གསུམ་འཛུགས་སྐྲུན་པའི་དཀའ་སྤྱད་ལས་སྐྲུན་གྱི་རྣམ་པ་མངོན་པར་བྱས་ཡོད། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། དེ་དག་ལ་ལྟ་ཞོར་ལས་བྱེད་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱས། ཁོང་གིས་གནས་གསུམ་འཛུགས་སྐྲུན་པ་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ཡོད་ཚད་འབུལ་བ། གསར་སྐྲུན་བྱེད་ཕོད་པ་བཅས་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། གནས་གསུམ་འཛུགས་སྐྲུན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། གནས་གསུམ་སྙིང་སྟོབས་རྒྱུད་འཛིན་ལེགས་པོ་བྱས་ཏེ། དེའི་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།
མགོན་པོ་བཀྲ་ཤིས་ཨ་ཆེན་གངས་རྒྱབ་མཐོ་སྒང་ཚ་གཡོལ་ཁམས་གསོའི་རི་གྲོང་དང་ཏ་ཐུང་རྫོང་ཀྲུང་ལུགས་སྨན་རྫས་ཁམས་གསོ་ཉམས་ལེན་ལྟེ་གནས་སུ་སོང་ནས་མཐོ་སྒང་གི་ཚ་གཡོལ་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཏ་ཐུང་རྫོང་མྱུ་གུ་འདེབས་འཛུགས་ས་ཚིགས་ཁྲིན་ཀོན་ས་བོན་འདེབས་གནས་སུ་སོང་ནས་རྒྱལ་ཁབ་ཀྱི་སྤུས་ལེགས་གླ་སྟར་ས་བོན་རྟེན་གཞི་འཛུགས་སྐྲུན་དང་། སྤུས་ལེགས་གླ་སྟར་གྱི་ས་བོན་གསོ་སྐྱོང་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། ཁོང་གིས་བཤད་རྒྱུར། མཐོ་སྒང་གི་ཁམས་གསོའི་ཐོན་ལས་ནི་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཏ་ཐུང་རྫོང་གིས་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པས། ཚང་མས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལེགས་པོ་གཏོང་བ་དང་། སྔོ་ལྗང་རི་ཆུ་དེ་གསེར་རི་དངུལ་རིར་བསྒྱུར་ནས་རིགས་སོ་སོའི་མང་ཚོགས་ལ་ཁེ་ཕན་ཐོབ་ཏུ་འཇུག་དགོས།
དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་གྲོང་ཁྱེར་དང་ཏ་ཐུང་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་བཞུགས་མོལ་བྱས། ཁོང་གིས་བསྟན་དོན། ཏ་ཐུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུས་བཀོད་སྒྲིག་བྱས་པའི་བྱ་བ་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་པ་དང་། བྱ་བའི་བསམ་ཕྱོགས་གསལ་པོ་དང་བྱེད་ཐབས་ནན་མོ་ཡིན་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བཟང་བ་དང་ངར་ཤུགས་ཆེ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། དམངས་ཚིས་བདེ་སྐྱིད་སོགས་ཀྱི་བྱ་བར་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། མཐོ་སྒང་ཁམས་གསོ་དང་གནས་གསུམ་འཛུགས་སྐྲུན་གྱི་ལོ་རྒྱུས་རྒྱུ་ཆ་སྔོག་འདོན་བྱེད་པའི་བྱ་བའི་ཁྲོད་ཉམས་མྱོང་དང་བྱེད་སྟངས་བཟང་པོ་མང་པོ་ཞིག་འཚོལ་ཞིབ་བྱས་ཡོད་པས། ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་དེ་དག་ལ་དཔེ་མཚོན་གྱི་ནུས་པ་ཅུང་ལེགས་པོ་ལྡན་ཞེས་བཤད། མགོན་པོ་བཀྲ་ཤིས་ཀྱིས “གནས་གསུམ་འཛུགས་སྐྲུན”གྱི་ལས་གཞིའི་རྗེས་ཤུལ་ལ་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ། དྲིལ་བསྒྲགས་ཡག་པོ་བཅས་བྱས་ཏེ། དེའི་འབྲེལ་ཡོད་ལོ་རྒྱུས་རིག་གནས་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། ཞིབ་འཇུག་སྦྱོང་བརྡར་གྱི་ཡུལ་དངོས་སློབ་ཁྲིད་དང་ཉམས་ལེན་རྣམ་པའི་སློབ་ཁྲིད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། དུས་མཚུངས་སུ་གནས་གསུམ་འཛུགས་སྐྲུན་རྗེས་དྲན་ཁང་དང་རིག་གནས་ཡུལ་སྐོར། མཐོ་སྒང་གི་ཁམས་གསོ་སོགས་མཉམ་འདྲེས་ཀྱིས་འཕེལ་རྒྱས་གཏོང་དགོས། ས་གནས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། སེམས་ཞིབ་མོས་འཆར་འགོད་བཟང་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཡག་པོ་གཏོང་དགོས། །