གསར་འགྱུར་མེ་ལོང་།
 

ན་གོར་མོའི་དག་གཙང་ནུས་ཁུངས་སྒྲིག་འཇུག་སྟོང་ཝ་ཁྲི་སྟོང་ལས་བརྒལ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-10-20  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:    ཀློགས་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན། གསར་འགོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”སྐབས་སུ། ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་འཛུགས་སྐྲུན་དམིགས་འབེན་དུ་བྱས་ཏེ། འོད་ནུས་འོད་དྲོད་དང་། གསོག་ཉར་ལག་རྩལ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། དག་གཙང་ནུས་ཁུངས་སྒྲིག་འཇུག་ཤོངས་ཚད་སྟོང་ཝ་ཁྲི1000ལས་བརྒལ་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་བསྡུས་ཚད་ཀྱི21%ཟིན་པ་དང་། 2020ལོ་ལས་ལྡབ་འགྱུར་མངོན་འགྱུར་བྱུང་ནས། མཚོ་སྔོན་ལྗང་མདོག་ཚུལ་བསྒྱུར་གྱི་དཀྱིལ་སྙིང་གཞོགས་འདེགས་སུ་གྱུར།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ལ། ན་གོར་མོ་གྲོང་ཁྱེར་གྱིས“ཐཱན་གཉིས”འཐབ་ཇུས་དང་མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་ཁེལ་དང་དམ་དུ་འབྲེལ་ཏེ། ནུས་ཁུངས་སྒྲིག་གཞི་ལེགས་བཅོས་དང་ཐོན་ལས་མཐུན་སྦྱོར་རིམ་འཕར་ལ་སྐུལ་འདེད་བཏང་། འཕྲུལ་ཆས་གཅིག་གི་གཞི་ཁྱོན་ཆེས་ཆེ་བའི་ན་གོར་མོའི་ཀྲའོ་ཝ350ཅན་གྱི་འོད་དྲོད་གློག་འདོན་རྣམ་གྲངས་དེ་ཚེས16ཉིན་ལས་མགོ་བརྩམས་པ་དང་། དུས་ཚོད14རིང་གི་ཚྭ་བསྲེགས་དྲོད་ཉར་མ་ལག་སྡེབ་སྒྲིག་བྱས་ཤིང་། ལོ་རེའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར9.6ལ་སླེབས་པ་དང་། འཛུགས་སྐྲུན་ལེགས་འགྲུབ་བྱས་རྗེས་ལོ་རེར་དབྱང་གཉིས་ཐཱན་རྫས་ཏུན་ཁྲི72ཉུང་གཏོང་བྱེད་ཐུབ།

ཚྭ་མཚོའི་ཐོན་ལས་ཁྱབ་ཁོངས་སུ། ལག་རྩལ་ཐོད་བརྒལ་དང་སྦྲེལ་མཐུད་རྒྱུན་བསྲིང་གཉིས་དུས་མཉམ་དུ་སྐུལ་འདེད་བཏང་། ཐན་སོན་ལི་ཐོན་ནུས་ཏུན་ཁྲི10.6ལས་བརྒལ་བ་དང་། ཅ་ལུད་རྫས་ཐོན་ནུས་ཏུན་ཁྲི800ལ་སླེབས་ཤིང་། ཚྭ་མཚོའི་ལི་ལེན་པ་དང་། ཆུ་མེད་ལུས་ཧྭ་མའེ་སྒྲིག་ཆས་སོགས་གནད་འགག་ལག་རྩལ་ཐོན་ལས་ཅན་མངོན་འགྱུར་བྱུང་། 2024ལོའི་ཚྭ་མཚོའི་ཐོན་ལས་གཞི་ཁྱོན་ཡན་གྱི་ཁེ་ལས་ཐོན་ཐང་སྒོར་དུང་ཕྱུར340ལས་བརྒལ་བ་དང་། དེས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་སྤྱིའི་ཐོན་ཐང50%ཟིན་ཞིང་། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆ་སྙོམས་ཀྱིས་མཐོར་འདེགས་སུ་སོང་།

རྒྱུ་མང་གསོག་ཉར་དང་གསར་སྐྲུན་དཔེ་སྟོན་ཞིང་ཆེན་ཡོངས་ཀྱི་མདུན་གྲས་སུ་སླེབས། རྒྱལ་ནང་གི་སྟོང་ཝ་ཁྲི5ཅན་གྱི་རིག་ནུས་ཅན་གྱི་དྲ་བའི་གསོག་ཉར་གློག་འདོན་ས་ཚིགས་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། ཤར་ཕྱོགས་གློག་རླངས་ཀྱིས་ན་གོར་མོ་རུ་རྒྱལ་ནང་གི་ས་མགོ་མཐོ་ཚད་ཆེས་མཐོ་བའི་རླུང་གློག་དང་། ཆིང་ནུས། འོད་ནུས་ལྷུ་ལག་ཕྱིར་བསྡུ་སོགས་གསར་དར་ཐོན་ལས་བཀོད་སྒྲིག་བྱས།

དག་གཙང་ནུས་ཁུངས་ཀྱི་ཕན་ནུས་གཅིག་འདུས་ཀྱིས་དཔལ་འབྱོར་སྤྱི་ཚོགས་ཐད་སྒུལ་ཤུགས་བསྣན། 2024ལོར་ན་གོར་མོ་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར455.19ལ་སླེབས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ལོ་རེའི་ཆ་སྙོམས་འཕར་སྣོན་མྱུར་ཚད10.43%ཡིན་ལ། དག་གཙང་ནུས་ཁུངས་གློག་འདོན་ཚད་ཀྱི་བསྡུར་ཚད་དེ་88%ལ་འཕར་བ་དང་། ལས་ཁུངས་ཀྱི་བཟོ་ལས་རྒྱུ་ཆ་ཟད་གྲོན་ཁྱོན8.1%མར་ཆག་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་བསྐྱོད་མངོན་འགྱུར་བྱུང་།

ད་ལྟའི་བར་དུ། ན་གོར་མོ་གྲོང་ཁྱེར་གྱིས“འོད་དང་རླུང་། ཆུ། གསོག་ཉར”གཞི་གཅིག་ཅན་གྱི་དག་གཙང་ནུས་ཁུངས་མ་ལག་འཛུགས་སྒྲུབ་བྱས་པ་མ་ཟད། མཐོ་རིམ་སྒྲིག་ཆས་ལས་སྣོན་དང་། ལྗང་མདོག་རྩིས་ཤུགས་སོགས་ཀྱི་ཐོན་ལས་ལ་སྣེ་ཁྲིད་བྱས་ནས། མཚོ་བོད་མཐོ་སྒང་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ཐད“ན་གོར་མོའི་དཔེ་དབྱིབས”བཞག །

གོང་མ།:ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

ཞོལ་མ།:མགོན་པོ་བཀྲ་ཤིས་ཀྱིས་ཏ་ཐུང་རྫོང་དུ་རྟོག་ཞིབ་གནང་།