གསར་འགྱུར་མེ་ལོང་།
 

ཐེམ་ཆེན་རྫོང་གི“དྲུག་པའི་ཀླུ་རོལ”རོང་འབྲོག་དམངས་ལུས་རྩལ་འགྲན་ཚོགས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-11-12  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:    ཀློགས་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས7ཉིན། 2025ལོའི་ཀྲུང་གོའི་མང་ཚོགས་རིག་གནས་ཟོང་རྟགས་གསར་སྐྲུན་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“དྲུག་པའི་ཀླུ་རོལ”དང་། རོང་འབྲོག་དམངས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་བདམས་ཐོན་བྱུང་ཞིང་། དེས་རང་ཞིང་གིས་ཁྱབ་ཁོངས་དེའི་མཚན་སྙན་གྱི་སྟོང་ཆ་བསྐངས་ནས། མཚོ་སྔོན་གྱི་མང་ཚོགས་རིག་གནས་ཟོང་རྟགས་གསར་སྐྲུན་འཕེལ་རྒྱས་ཀྱི་རྟགས་མཚན་རང་བཞིན་གྱི་གྲུབ་འབྲས་སུ་གྱུར།

ཤེས་གསལ་ལྟར་ན། ཐེམ་ཆེན་རྫོང་གི“དྲུག་པའི་ཀླུ་རོལ”རོང་འབྲོག་དམངས་ལུས་རྩལ་འགྲན་ཚོགས་བསྟུད་མར་ལོ་གསུམ་ལ་ཀྲུང་ཧྭའི་ལུས་རྩལ་རིག་གནས་ཕུལ་བྱུང་དུས་ཆེན་རྣམ་གྲངས་སུ་དཔྱད་འདེམས་བྱས་པ་དང་། ཐེངས་འདིར་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ་དེས། རིག་གནས་ཀྱི་རྨང་གཞི་དང་གསར་སྐྲུན་ནུས་ཤུགས་མངོན་ཡོད། “དྲུག་པའི་ཀླུ་རོལ”རོང་འབྲོག་དམངས་ལུས་རྩལ་འགྲན་ཚོགས་ཀྱིས“ཡུལ་སྐོར་གྱིས་རྫོང་དར་རྒྱས”སུ་གཏོང་བའི་འཐབ་ཇུས་དང་དམ་དུ་འབྲེལ་ནས། “ལྷ་མཚོའི་མགོ་ཁུངས། དག་གཙང་ཐེམ་ཆེན”དཀྱིལ་སྙིང་བརྗོད་བྱར་བྱས་ཏེ། མི་རིགས་སྲོལ་རྒྱུན་རིག་གནས་དང་དེང་རབས་མང་ཚོགས་རིག་གནས་དགོས་མཁོའི་མཉམ་འདྲེས་བྱེད་པ་དང་། རྟ་རྒྱུག་དང་། གཡག་རྒྱུག འཇུ་རེས། བོད་འགྱིག་སོགས་སྲོལ་རྒྱུན་དམངས་སྲོལ་ལུས་རྩལ་རྣམ་གྲངས་སྒྲིག་བཀོད་བྱས་པ་དང་། “རྟ་མཆོག”འགྲན་བསྡུར་དང་། “བོད་ཀྱི་རྒྱན་གོས་ཀྱི་མཛེས་པ་དང་འཕྲད་པ”སྲོལ་རྒྱུན་རྒྱན་གོས་འཁྲབ་སྟོན་སོགས་རོལ་མོའི་འདུ་ཚོགས་ཀྱི་ཁྱད་ལྡན་བྱ་འགུལ་བཏོན་ནས། རོང་འབྲོག་དམངས་དང་ཟབ་ཞུགས་མཁན་ལའང་ཁེ་ཕན་ཐོབ་ཅིང་། དུས་རབས་གསར་བའི་མཐོ་སྒང་རོང་འབྲོག་དམངས་ཀྱི་བསམ་བློའི་རྣམ་པ་མངོན།

ཐེམ་ཆེན་རྫོང་གི“དྲུག་པའི་ཀླུ་རོལ”དུ་གཟུགས་འདས་ཤུལ་བཞག་དམངས་སྲོལ་འགྲེམ་སྟོན་དང་།ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ཕྱིར་འཚོང་། ཟས་མཆོག་མྱོང་རོལ་སོགས་དུམ་པ་སྒྲིག་བཀོད་བྱས་ཤིང་། གཅིག་བསྡུས་སྒོས“ཐེམ་ཆེན་བོད་ལུག”དང“ཐེམ་ཆེན་ནོར་ནག”སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་བྱས་ཏེ། ནོར་ནག་གི་སྦྲ་ནག་བཟོ་རྩལ་སོགས་གཟུགས་འདས་ཤུལ་བཞག་རྣམ་གྲངས་མང་ཚོགས་ཀྱི་མཐོང་ལམ་དུ་མངོན་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་བཏང་བ་མ་ཟད། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད། གསར་སྐྲུན་ལག་ལེན་འདིས། གྲོང་གསེབ་དར་སྤེལ་ཐད་སྒུལ་ཤུགས་བསྣན་པ་མ་ཟད། མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་འཛུགས་སྐྲུན་ཐད་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱས།

ཐེམ་ཆེན་རྫོང་གིས་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་མང་ཚོགས་ཀྱི་རིག་གནས་ཟོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། “དྲུག་པའི་ཀླུ་རོལ”རོང་འབྲོག་དམངས་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་དཔྱད་འདེམས་ཐོབ་པ་དེས། ཐེམ་ཆེན་རྫོང་གི་བྱ་བའི་ཁས་ལེན་ཞིག་དང་། མང་ཚོགས་ཀྱི་རིག་གནས་གསར་སྐྲུན་འཕེལ་རྒྱས་ཐད་ལག་ལེན་ཉམས་མྱོང་མཁོ་འདོན་བྱས། །

གོང་མ།:ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་སུ་སྒྲོག་འགྲེལ་བྱས་པ།

ཞོལ་མ།:མཚོ་ནུབ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།