ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་འཚོགས་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མི་གྲོས་གཞིའི་ལས་དོན་བསྒྲུབ་པའི་བཞུགས་མོལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སུ། འཐུས་མི་རྣམས་ཀྱིས་ཁྲིམས་བཀོད་གོ་རིམ་ལྟར་བཏོན་པའི་ཕྱོགས་སོ་སོའི་ལས་དོན་ཐད་ཀྱི་གྲོས་གཞི9160འགན་སྒྲུབ་སྡེ་ཚན211ལ་སྤྲད་ནས་ཞིབ་འཇུག་དང་སྒྲུབ་ཏུ་བཅུག་པ་རེད། མིག་སྔའི་བར་འཐུས་མིས་བཏོན་པའི་གྲོས་གཞི་ཚང་མ་བསྒྲུབ་ཚར་པ་མ་ཟད་འཐུས་མི་ལ་ལན་ཡང་བཏབ་པ་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། འཐུས་མིས་བཏོན་པའི་གྲོས་གཞི་ལ་ཁྱད་ཆོས་གསུམ་ཡོད་པ་སྟེ། གཅིག་ནི་ལྟེ་བའི་ལས་དོན་དམིགས་པ་ཡིན། དཔེར་ན།“འཕེལ་རྒྱས་འཆར་འགོད་དང་ཕྱོགས་བསྡུས་དཔལ་འབྱོར”དང་འབྲེལ་བ་ཡོད་པའི་གྲོས་གཞི1370ཡོད་པ་དང་། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཡོད་པའི་གྲོས་གཞི2481ཡོད། གཉིས་ནི་དམངས་འཚོ་ལ་དོ་ཁུར་བྱེད་པར་དམིགས་ཡོད། ཞིང་པ་དང་བཟོ་པ་སོགས་གཞི་རིམ་དང་འཐབ་ཕྱོགས་དང་པོ་ནས་ཡོང་བའི་འཐུས་མིས་བཏོན་པའི་གྲོས་གཞི5572ཡོད་པ་དེས60.8%ཟིན་ཡོད། གསུམ་ནི་རྟོག་ཞིབ་གཏིང་ཟབ་བྱས་ཡོད། ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། འཐུས་མི་རྣམས་ཀྱིས་བརྟག་ཞིབ་གཟིགས་ཞིབ་དང་གྲོས་བསྡུར་བཅར་འདྲི་སོགས་ཀྱི་རྨང་གཞིའི་སྟེང་བཏོན་པའི་གྲོས་གཞི70%ཙམ་ཟིན་པ་དང་། ཆེད་ལས་ཀྱི་མངའ་ཁོངས་དང་རང་བབ་ལས་དོན་དང་ཟུང་འབྲེལ་བྱས་ནས་བཏོན་པའི་གྲོས་གཞི40%ཙམ་ཟིན་ཡོད།
ད་ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གནད་སྒྲུབ་སྐུལ་ཀྱི་གྲོས་གཞི23གཏན་འཁེལ་བྱས་པ་དང་། བྱེ་བྲག་གི་གྲོས་གཞི231དང་འབྲེལ་བ་ཡོད་ཅིང་། སྒྲུབ་གཉེར་སྡེ་ཚན20ལ་སྤྲད་དེ་སྣེ་ཁྲིད་ནས་སྒྲུབ་བཞིན་ཡོད། ཐོག་དང་པོར་འཐུས་མི་ཚོགས་པ35དང་ཆེད་དོན་ཨུ་ཡོན་ལྷན་ཁང10ཡི“ཡོངས་སུ་ཁྱབ་པ”མངོན་འགྱུར་བྱས། རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་སོགས་སྒྲུབ་སྐུལ་སྡེ་ཚན་གྱིས་ནུས་ཤུགས་ཡོད་དགུས་སྒྲུབ་སྐུལ་ཀྱི་ཕན་འབྲས་ཆེ་རུ་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་གྱིས་བསྒྲུབ་པར་ལྟ་སྐུལ་བྱས་ཏེ། དམིགས་སའི་རང་བཞིན་ཀྱིས་གཙོ་གནད་གྲོས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གཙོ་གནད་དུ་གྲོས་གཞི་ལ་སྒྲུབ་སྐུལ་བྱས་པ་བརྒྱུད། སྒྲུབ་སྐུལ་སྡེ་ཚན་གྱིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྒྲུབ་འགན་འཁུར་བའི་ལས་དོན་ལ་སྐུལ་འདེད་བཏང་། འཕྲལ་བསྟུན་དོ་དམ་པུའུ་ཡིས་སྣེ་ཁྲིད་པའི《འཕྲལ་བསྟུན་ཉེན་སེལ་གེགས་སྐྱོབ་དངོས་ཟོག་གྲབས་གསོག་མཛོད་འཛུགས་སྐྲུན་དང་དོ་དམ་ཚད་གཞི》དག་བཅོས་གཏན་འཁེལ་བྱས་པ་དང་། དམངས་སྲིད་པུའུ་ཡིས་ནོར་སྲིད་མ་དངུལ་བརྩོན་ལེན་བྱས་ནས་ལག་བསྟར་ནུས་པ་ཤོར་བའི་རྒན་རྒོན་སོགས་གཅིག་སྡུད་ལྟ་སྐྱོང་བྱས་ནས། འགན་སྲུང་བྱ་ཡུལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་རིགས་གནོད་འཚེ་རྨས་སྐྱོན་འགན་སྲུང་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། ལས་ཞུགས་དབྱིབས་རྣམ་གསར་བའི་མི་ཁྲི2300ལས་བརྒལ་བ་འགན་བཅོལ་ནང་ཞུགས་པ་དང་། ལས་འཛོལ་ཚབས་ཆེན་གྱི་མས་སྐྱོར་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། །