ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་བཅོས་སྒྱུར་དང་འཕེལ་རྒྱས་ཇེ་
མགྱོགས་སུ་གཏོང་བའི་སྐོར་གྱི་ཆོད་དོན།(2)
(བཅུ་གཉིས)ཆུའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པའི་བཟོ་འགོད་འཛུགས་སྐྲུན་ལ་ཤུགས་བསྣན་པ།ཆུའི་ཐོན་ཁུངས་ལེགས་སྒྱུར་བྱེད་པའི་འཐབ་ཇུས་དང་སྡེབ་སྒྲིག་རྣམ་པ་འཐུས་ཚང་དུ་གཏོང་བ་དང་།སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགཆུ་ཁུངས་བཟོ་འགོད་དང་ཆུ་བོ་དང་མཚོ་མོའི་མ་ལག་འབྲེལ་མཐུད་བྱེད་པའི་བཟོ་འགོད་གཙོ་བོ་སྐོར་ཞིག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ།ཆུ་ཁུངས་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་ཆུ་ཚད་དང་ཆུ་འདོན་སྤྲོད་འགན་སྲུང་ནུས་པ་མཐོར་འདེགས་བྱེད་དགོས།ལྷོ་ཆུ་བྱང་འདྲེན་བྱེད་པའི་ཤར་དབུས་ལམ་རྒྱུད་ཀྱི་བཟོ་འགོད་དང་པོ་དང་བཟོ་འགོད་ཆ་ཚང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་།བཟོ་འགོད་ཀྱི་སྤུས་ཀར་ཁག་ཐེག་བྱས་ཏེ།དུས་དང་བསྟུན་ནས་ལྷོ་ཆུ་བྱང་འདྲེན་གྱི་ནུབ་རྒྱུད་བཟོ་འགོད་ཀྱི་ཐོག་མའི་དུས་རིམ་ལ་ཞིབ་འཇུག་བྱེད་དགོས།ས་ཁོངས་བརྒལ་བའི་ཆུ་རྒྱུན་དང་མངའ་ཁོངས་ཀྱི་ཆུ་འདྲེན་བཟོ་འགོད་སྐོར་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བྱེད་དགོས།ནུབ་བྱང་སོགས་ས་ཁུལ་གྱི་ཐོན་ཁུངས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས།བཙོག་ཆུ་གཙང་བཟོ་བྱས་ནས་ཕྱིར་བཀོལ་བར་སྐུལ་སྤེལ་གང་ལེགས་བྱས་ཏེ།ཚྭ་མཚོའི་ཆུ་ལས་ཚྭ་འདུས་ཚད་ཇེ་ཉུང་དུ་གཏོང་བ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་སྣོན་པ་དང་།ཆར་ཆུ་དང་ཚྭ་འདུས་ཚད་ཉུང་བའི་ཆུ་བཀོལ་སྤྱོད་བྱེད་པར་གཙིགས་མཐོང་ཆེན་པོ་བྱེད་དགོས།
(བཅུ་གསུམ)ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་སྲུང་སྐྱོང་གང་ལེགས་བྱེད་པ།རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བྱེད་པའི་བཟོ་འགོད་གཙོ་བོ་ལག་བསྟར་བྱེད་པ་དང་།ཆུ་རྒྱུན་ཆུང་བ་ཕྱོགས་བསྡུས་བཅོས་སྐྱོང་དང་ཁྱེར་བསགས་ས་ཞིང་ལ་རགས་རྒྱག་པ།རི་རྒོད་ས་རྒོད་ཀྱི་ཞིང་ས་བཅོས་སྐྱོང་དང་ནགས་སྐྲུན་ལྗང་བསྒྱུར་བྱེད་པ།སྐྱེ་ཁམས་སླར་གསོ་བྱེད་པ་སོགས་བྱེད་ཐབས་སྤྱད་དེ།ཕན་ནུས་ཡོད་པའི་སྒོ་ནས་ས་ཆུ་ཤོར་བ་འགོག་བཅོས་བྱེད་དགོས།འབྲི་ཆུའི་སྟོད་དབུས་རྒྱུད་དང་རྨ་ཆུའི་སྟོད་དབུས་རྒྱུད།ནུབ་ལྷོའི་རྡོ་ཕྱེ་འགྱུར་ས་ཁུལ་དང་ཤར་བྱང་གི་ས་ནག་ཁུལ་སོགས་མངའ་ཁོངས་གཙོ་བོ་དང་ཆུ་ལོག་དང་ས་ཡོམ་གྱི་གནོད་འཚེ་འབྱུང་སླ་ཁུལ་གྱི་ས་ཆུ་ཤོར་བ་འགོག་བཅོས་བྱེད་པར་སྔར་ལས་ཤུགས་སྣོན་དགོས།སྐྱེ་ཁམས་ཉམས་ཞན་ཆུ་རྒྱུན་དང་ས་ཁུལ་གྱི་ཆུའི་སྐྱེ་ཁམས་ཉམས་གསོ་ལ་མུ་མཐུད་དུ་སྐུལ་འདེད་བྱས་ནས།རྨ་འབྲི་ཆུ་དང་མཚེའུ་ཡི་ཆུ་བོར་བཙོག་བཟོ་ཚབས་ཆེན་ཐེབས་པའི་ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།སྐྱེ་ཁམས་སྲུང་སྐྱོང་ཁུལ་གཙོ་བོ་དང་ལྟག་ཆུ་སྐྱིལ་གསོག་ཁུལ།གཙང་བོའི་འབྱུང་ཁུངས་ཁུལ་དང་བརླན་ས་བཅས་སྲུང་སྐྱོང་བྱེད་པར་ཤུགས་བསྣན་དགོས།ཞིང་སྡེའི་ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ལག་བསྟར་བྱེད་པ་དང་།སྐྱེ་ཁམས་གཙང་མ་རིགས་ཀྱི་ཆུ་རྒྱུན་ཆུང་བ་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས།ཐོན་སྐྱེད་འཛུགས་སྐྲུན་ལས་གཞི་དང་ས་ཆུ་སྲུང་འཛིན་ལ་ལྟ་སྐུལ་དོ་དམ་བྱེད་པ་ཇེ་དྲག་ཏུ་གཏོང་དགོས།ས་ཆུ་སྲུང་འཛིན་དང་འཛུགས་སྐྲུན་ལས་གཞི་ཐད་ཆུ་བེད་སྒྲིག་བཀོད་དང་ཆུ་ཁུངས་སོགས་བཀོལ་སྤྱོད་བྱེད་པར་ཁ་གསབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།
(བཅུ་བཞི)ཆུ་ནུས་ཐོན་ཁུངས་ལུགས་མཐུན་སྒོས་གསར་སྤེལ་བྱེད་པ།སྐྱེ་ཁམས་དང་ཞིང་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོགཆུ་ནུས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།ཆུ་ལོག་འགོག་པ་དང་ཞིང་ཆུ་འདྲེན་པ།ཆུ་འདོན་སྤྲོད་དང་གློག་གཏོང་བ།མཁའ་འགྲུལ་སོགས་བྱེད་ནུས་གཅིག་གྱུར་འཆར་འགོད་བྱེད་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་བ་དང་ཆུ་གློག་བཀོལ་ཚད་གོང་དུ་སྤེལ་ནས།ཆུ་ནུས་ཐོན་ཁུངས་དོ་དམ་བྱེད་པར་ཤུགས་སྣོན་པ་དང་།གསར་སྤེལ་བྱེད་ཆོག་མིན་གྱི་ལམ་ལུགས་ཚད་ལྡན་དུ་བཏང་སྟེ།ཆུ་གློག་བདེ་འཇགས་ཐད་ལྟ་སྐུལ་དོ་དམ་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས།ཞིང་སྡེའི་ཆུ་གློག་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་།ཧུར་ཐག་གིས་ཆུ་གློག་ཅན་གྱི་ཞིང་སྡེ་གསར་བ་དང་གློག་རླངས་ཅན་གྱི་རྫོང་འཛུགས་སྐྲུན་དང་ཆུ་གློག་ཆུང་བས་བུད་ཤིང་གི་ཚབ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་འཛུགས་སྐྲུན་བྱེད་ཚད་གོང་དུ་སྤེལ་བ་བཅས་བྱས་ནས།ཞིང་སྡེའི་ཆུ་གློག་ཆ་ཚང་དང་གློག་དྲ་བསྒྱུར་བཀོད་བྱེད་པའི་བཟོ་འགོད་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས།
(བཅོ་ལྔ)ཆུ་དཔྱད་གནམ་གཤིས་དང་ཆུ་བེད་ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ།ཆུ་དཔྱད་གནམ་གཤིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས།ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ས་ཚིགས་དྲ་རྒྱའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་།ས་ཁུལ་གཙོ་བོ་དང་གྲོང་ཁྱེར་གཙོ་བོ།ས་འོག་ཚད་བརྒལ་ཆུ་བླངས་ཁུལ་གྱི་ཆུ་དཔྱད་བརྡ་གཏོང་ལེན་གྱི་ནུས་པ་བཅས་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་སྟེ།མྱུར་བསྟུན་འཕྲུལ་སྒུལ་གྱི་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་།རྒྱུ་ཆ་མཉམ་སྤྱོད་ཡོང་བ་མངོན་བསྒྱུར་བྱས་ནས།ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས།ཆུ་བེད་ཚན་རྩལ་ཐད་ཀྱི་མ་ལག་གསར་སྐྲུན་བྱེད་པ་འཐུས་ཚང་དུ་གཏོང་བ་དང་།རྨང་གཞིའི་ཆ་རྐྱེན་གྱི་སྟེགས་བུ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ།རྨང་གཞིའི་ཞིབ་འཇུག་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པར་ཤུགས་སྣོན་པ་བཅས་བྱས་ནས།ཆུ་བེད་གཙོ་གནད་མངའ་ཁོངས་དང་གནད་འགག་གཙོ་བོ།ལག་རྩལ་ཆེན་པོ་བཅས་ཀྱི་སྟེང་ནས་མཐོ་བརྒལ་གསར་བ་བརྩོན་ལེན་བྱེད་དགོས།བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་པའི་ཞིབ་འཇུག་འབྲས་བུ་འབའ་ཞིག་ཐོབ་དགོས་ན།ལག་རྩལ་ནང་འདྲེན་དང་བེད་སྤྱོད་རྒྱ་ཁྱབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།ཆུ་བེད་ལག་རྩལ་གྱི་སྒྲིག་ཆས་ཆུ་ཚད་མཐོར་འདེགས་བྱེད་དགོས་པའི་ཁར།ཆུ་བེད་ལས་རིགས་ཀྱི་ལག་རྩལ་ཚད་གཞི་འཐུས་ཚང་ཞིག་འཛུགས་དགོས།ཆུ་བེད་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་།“གསེར་ཆུ་བཟོ་འགོད”ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།རྒྱལ་ཁབ་བྲུབ་འགོག་ཐན་རྒོལ་བཀོད་འདོམས་མ་ལག་དང་ཆུ་ཁུངས་དོ་དམ་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་།ཆུ་ཁུངས་ཚོད་འཛིན་དང་ཆུ་བེད་དོ་དམ།བཟོ་འགོད་འཁོར་སྐྱོད་བཅས་ཆ་འཕྲིན་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བཅས་བྱས་ཏེ།ཆུ་བེད་ཆ་འཕྲིན་ཅན་ལ་བརྟེན་ནས་ཆུ་བེད་དེང་རབས་ཅན་དུ་བསྒྱུར་བར་སྐུལ་ཁྲིད་བྱེད་དགོས་པ་དང་།ཆུ་བེད་ཐད་ཀྱི་རྒྱལ་སྤྱིའི་བརྗེ་སྤེལ་དང་མཉམ་ལས་ལ་ཤུགས་བསྣན་དགོས།
ལྔ།ཆུ་བེད་ཐད་མ་དངུལ་འདེབས་པ་བརྟན་བརླིང་ངང་འཕར་བའི་འགྲིག་སྲོལ་འཛུགས་པ།
(བཅུ་དྲུག)སྤྱི་པའི་ནོར་སྲིད་ལས་ཆུ་བེད་ཐད་མ་དངུལ་འདེབས་ཚད་ཇེ་ཆེར་གཏོང་བ།ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ།དེང་ཕྱིན་གྱི་ལོ10ཡི་ནང་སྤྱི་ཚོགས་ཡོངས་ཀྱི་ཆུ་བེད་ཐད་ཆ་སྙོམས་ཀྱིས་མ་དངུལ་གཏོང་ཚད་དེ2010ལོ་ལས་ལྡབ་གཅིག་གིས་མཐོ་བ་བརྩོན་ལེན་བྱེད་དགོས།ཆུ་བེད་འཛུགས་སྐྲུན་ཁྲོད་སྲིད་གཞུང་གིས་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།ཆུ་བེད་དེ་སྤྱི་པའི་ནོར་སྲིད་ཀྱིས་མ་དངུལ་གཏོང་བའི་མངའ་ཁོངས་གཙོ་བོར་བརྩི་དགོས།རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཆུ་བེད་ཐད་གཏོང་བའི་མ་དངུལ་གྱི་སྤྱི་འབོར་དང་འཕར་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས།ཆུ་བེད་འཛུགས་སྐྲུན་ཐད་གཏོང་བའི་མ་དངུལ་དེ་རྒྱལ་ཁབ་ཀྱི་བརྟན་འཇགས་རྒྱུ་ནོར་ལས་མ་དངུལ་གཏོང་བའི་ཁྲོད་ཀྱི་བསྡུར་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱིས་ཆུ་བེད་ཐད་གཏོང་བའི་ཆེད་སྤྱོད་མ་དངུལ་ཁྱོན་ཆེན་པོས་ཇེ་མང་དུ་གཏོང་དགོས།ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་ཁྲོད10%བླངས་ཏེ་ས་ཞིང་དང་ཆུ་བེད་འཛུགས་སྐྲུན་ཐད་སྤྱད་ནས།གསར་དུ་འཛུགས་སྐྲུན་བྱེད་པའི་ཐད་ས་ཞིང་སྤྱོད་པར་སྐྱིན་ཚབ་ཡོད་པ་སོགས་ས་ཞིང་བཅོས་སྐྱོང་མ་དངུལ་གྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས།ཆུ་བེད་འཛུགས་སྐྲུན་གྱི་ཐེབས་རྩ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།བསྡུ་ལེན་བྱེད་པའི་ལོ་ཚད་ཇེ་རིང་དུ་གཏོང་བ།ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་བཅས་བྱས་ནས།ཡོང་སྒོའི་གཞི་ཁྱོན་ཇེ་ཆེར་གཏོང་དགོས།ཆུ་ཁུངས་ལ་རིན་དོད་ཡོད་པའི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཆུ་རིན་བསྡུ་བའི་ཚད་གཞི་ལུགས་མཐུན་སྒོས་ལེགས་སྒྲིག་བྱེད་པ།བསྡུ་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ནས།གཟབ་ནན་སྒོས་བསྡུ་ལེན་དང་བཀོལ་སྤྱོད་དང་དོ་དམ་བཅས་བྱེད་དགོས།བྲུབ་འགོག་གི་འགན་གཙོ་བོ་ཁུར་ཡོད་པ་དང་ཆུ་ཁུངས་དཀོན་པ་ཚབས་ཆེ་བའི་གྲོང་ཁྱེར་གྱིས་གྲོང་ཁྱེར་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་དཔྱ་ཁྲལ་ཁྲོད་མ་དངུལ་ངེས་ཅན་ཞིག་བླངས་ནས་གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་དང་ཆུ་ཁུངས་བཟོ་འགོད་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་བཀོལ་དགོས་ལ།ཆུ་བེད་ཐད་མ་དངུལ་གཏོང་བའི་ལས་གཞི་དང་མ་དངུལ་གཏོང་བར་ལྟ་སྐུལ་དོ་དམ་བྱེད་པར་དངོས་གནས་ཤུགས་བསྣན་དགོས།
(བཅུ་བདུན)ཆུ་བེད་འཛུགས་སྐྲུན་ཐད་དངུལ་རྩས་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་པ།ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱས་ཏེ།དངུལ་རྩ་ལས་ཁུངས་ཀྱིས་ཆུ་བེད་ཐད་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་མང་དུ་གཏོང་དགོས།ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཆུ་བེད་བཟོ་འགོད་སོ་སོའི་འཛུགས་སྐྲུན་ཁྱད་ཆོས་དང་ལས་གཞིའི་ངོ་བོར་དམིགས་ནས།ནོར་སྲིད་སྐྱེད་ཀའི་གཞི་ཁྱོན་དང་དུས་ཡུན།སྐྱེད་ཀའི་ཚད་བཅས་གཏན་ཁེལ་བྱེད་དགོས།ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོགཞིང་ལས་གོང་སྤེལ་དངུལ་ཁང་གིས་ཆུ་བེད་འཛུགས་སྐྲུན་ཁྲོད་དུས་ཡུན་རིང་བོར་སྲིད་ཇུས་རང་བཞིན་གྱི་དངུལ་བུན་ལས་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཞིང་ལས་དངུལ་ཁང་།ཞིང་སྡེའི་ཡིད་རྟོན་ཁང་དང་སྦྲག་སྲིད་དངུལ་བཅོལ་ཁང་སོགས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་ཡིད་རྟོན་དངུལ་བུན་གཏོང་ཚད་སྔར་ལས་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་དགོས།ཆ་རྐྱེན་དང་མཐུན་པའི་ཆུ་བེད་ཁེ་ལས་ཚོང་རར་ཐོན་པ་དང་བུན་འཛིན་འགྲེམ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ།ཆུ་བེད་སྒྲིག་ཆས་སྒྲིག་བཀོད་ཆེ་རིགས་ཀྱི་དངུལ་རྩ་བོགས་གཏོང་ལས་སྒོ་འཚོལ་ཞིབ་གོང་སྤེལ་བྱེད་པ་དང་།ཆུ་བེད་ལས་གཞིའི་ཡོང་འབབ་ཁེ་དབང་དངུལ་བུན་གྱི་གཏའ་མར་འཇོག་པ་སོགས་རྣམ་པ་མང་པོའི་དངུལ་གཏོང་བྱེད་ཐབས་ཧུར་ཐག་གིས་སྤེལ་དགོས།ཆུ་ལོག་ཉེན་བཅོལ་གོང་དུ་སྤེལ་བར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས་པ་དང་།ཆུ་བེད་ཐད་ཕྱི་དངུལ་བཀོལ་སྤྱོད་བྱེད་པའི་གཞི་ཁྱོན་དང་སྤུས་ཀ་མཐོར་འདེགས་བྱེད་དགོས།
(བཅོ་བརྒྱད)སྤྱི་ཚོགས་མ་དངུལ་ཆུ་བེད་ཐད་གཏོང་བར་རྒྱ་ཆེར་འགུག་འདྲེན་བྱེད་པ།ཆ་རྐྱེན་དང་མཐུན་པའི་ས་གནས་སྲིད་གཞུང་གི་དངུལ་རྩ་སྟེགས་བུའི་ཀུང་ཟིས་ཐད་ཀར་དང་བར་བརྒྱུད་ཀྱི་དངུལ་གཏོང་རྣམ་པ་བརྒྱུད་ནས།ཆུ་བེད་ཐད་མ་དངུལ་གཏོང་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་།སྤྱི་ཚོགས་ཀྱི་མ་དངུལ་དེ་ཆུ་བེད་འཛུགས་སྐྲུན་ནང་ཞུགས་པ་འགུག་འདྲེན་བྱེད་དགོས།ཞིང་པས་རང་སྟོབས་རང་སྤེལ་དང་ཧུར་ཐག་འབད་འཐབ་བྱེད་པར་སྐུལ་མ་བཏང་སྟེ།གཅིག་གྱུར་འཆར་འགོད་ཀྱི་རྨང་གཞིའི་སྟེང་།མང་དུ་གྲབས་གསོག་བྱས་ན་ཁ་གསབ་མང་དུ་བྱེད་པ་དང་།ལས་ཀ་མང་དུ་བསྒྲུབས་ན་ཁ་གསབ་མང་དུ་བྱེད་པའི་རྩ་དོན་ལྟར།དོན་གཅིག་གྲོས་གཅིག་གི་ནོར་སྲིད་བྱ་དགའ་དང་ཁ་གསབ་བྱེད་ཤུགས་ཇེ་ཆེར་བཏང་ནས།ཞིང་པའི་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་སྐུལ་སློང་བྱེད་དགོས།རིན་འཕར་དཔྱ་ཁྲལ་བཅོས་བསྒྱུར་དང་ཁྲིམས་འཛུགས་འཕེལ་རིམ་ཟུང་འབྲེལ་བྱས་ཏེ།ཞིང་སྡེའི་ཆུ་གློག་ཐད་ཀྱི་རིན་འཕར་དཔྱ་ཁྲལ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།ཆུ་བེད་བཟོ་འགོད་ཐད་ས་ཞིང་སྤྱོད་པར་དཔྱ་ཁྲལ་བསྡུ་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་དང་།བདག་གཉེར་རང་བཞིན་གྱི་ཆུ་བེད་ལས་གཞི་ཐད་ནས་ཚོང་རའི་དངུལ་གཏོང་གི་རྣམ་པ་སྤྱོད་པར་སྐུལ་འདེད་བརྟན་བརླིང་བྱེད་དགོས།
དྲུགཆེས་ནན་མོ་ཡིན་པའི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་ཏུ་བསྟར་པ།
(བཅུ་དགུ)ཆུ་བཀོལ་བའི་བསྡོམས་འབོར་གྱི་ཚོད་འཛིན་ལམ་ལུགས་འཛུགས་པ།ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚོད་འཛིན་གྱི་ཚད་དམའ་ཤོས་གཏན་འཁེལ་བྱས་ནས།ཆུ་བོ་གཙོ་བོའི་ཆུ་ཚད་བགོ་བཤའ་རྒྱག་པའི་འཆར་འགོད་མགྱོགས་མྱུར་ངང་གཏན་འབེབས་བྱེད་པ་དང་།ཆུ་ལེན་སྤྱོད་བྱེད་པའི་བསྡོམས་འབོར་ཚོད་འཛིན་བྱེད་པའི་དམིགས་ཚད་དང་མ་ལག་འཛུགས་དགོས།འབྲེལ་ཡོད་འཆར་འགོད་དང་ལས་གཞི་འཛུགས་སྐྲུན་བཀོད་སྟངས་ཀྱི་ཆུའི་ཐོན་ཁུངས་རིགས་པས་སྒྲུབ་པའི་བྱ་བར་ཤུགས་བསྣན་ནས།རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་འཆར་འགོད་དང་དེ་མིན་གྲོང་ཁྱེར་ཀྱི་སྤྱི་ཡོངས་འཆར་གཞི་བཟོ་འགོད་དང་འཛུགས་སྐྲུན་ལས་གཞི་ཆེན་པོའི་བཀོད་སྟངས་དེ་ས་དེ་གའི་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་བྲུབ་འགོག་བླང་བྱ་དང་མཐུན་ཐབས་བྱ་དགོས།འཛུགས་སྐྲུན་ལས་གཞིའི་ཆུའི་ཐོན་ཁུངས་ཀྱི་རིགས་པས་སྒྲུབ་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས།འོས་མཚམས་སྒོས་ལས་འགོ་བརྩམས་ནས་འཛུགས་སྐྲུན་དང་ཐོན་སྐྱེད་བྱེད་པ་ཚང་མ་མཚམས་འཇོག་དགོས་པའི་བཀའ་ཕབ།ཆུ་ལེན་ཆོག་འཐུས་དཔང་ཡིག་ལ་ཞིབ་བཤེར་ཆོག་མཆན་འགོད་པ་དང་དོ་དམ་ནན་མོ་བྱས་ཏེ།ཆུ་ལེན་སྤྱོད་བྱེད་པའི་བསྡོམས་འབོར་དེ་ཚོད་འཛིན་བྱེད་པའི་དམིགས་ཚད་དུ་བསླེབས་པའམ་ཡང་ན་དེ་ལས་བརྒལ་བའི་ས་ཁུལ་གྱིས་འཛུགས་སྐྲུན་ལས་གཞིའི་གསར་འཕར་ཆུ་ལེན་ལ་ཞིབ་བཤེར་ཆོག་མཆན་འགོད་པ་གནས་སྐབས་སུ་མཚམས་འཇོག་དགོས།ཆུ་ལེན་སྤྱོད་བྱེད་པའི་བསྡོམས་འབོར་དེ་ཚོད་འཛིན་བྱེད་པའི་དམིགས་ཚད་དང་ཉེ་བའི་ས་ཁུལ་གྱིས་གསར་དུ་འཕར་བའི་ཆུ་ལེན་པར་ཞིབ་བཤེར་ཆོག་མཆན་འགོད་པ་ཚོད་འཛིན་བྱ་དགོས།ས་འོག་ཆུ་དོ་དམ་དང་སྲུང་སྐྱོང་ནན་མོ་བྱས་ཏེ།ཆུ་རྐོ་བའམ་ཆུ་ལེན་པའི་ཁྱབ་ཁོངས་མྱུར་དུ་ཞིབ་བཤེར་གཏན་འབེབས་བྱས་ནས་ཁྱབ་བསྒྲགས་བྱ་དགོས་པ་མ་ཟད།རིམ་བཞིན་ས་འོག་གི་ཆུ་ལེན་ཚད་ཇེ་ཉུང་དུ་གཏོང་ཞིང་རྐོ་གསབ་སྙོམས་སྒྲིག་བྱ་དགོས།ཆུའི་ཐོན་ཁུངས་གཅིག་འགྱུར་བཀོད་གཏོང་བྱེད་པར་ཤུགས་སྣོན་པ་དང་འཚོ་བ་དང་ཐོན་སྐྱེད།སྐྱེ་ཁམས་ཁོར་ཡུག་བཅས་ལ་ཆུ་བཀོལ་བ་མཐུན་སྦྱོར་ནན་མོ་བྱས་ཏེ།ཆུའི་ཐོན་ཁུངས་ཀྱི་བཀོད་གཏོང་འཆར་འགོད་དང་བབ་སྟུན་བཀོད་གཏོང་གི་སྔོན་བཀོད་འཆར་གཞི།བཀོད་གཏོང་འཆར་གཞི་བཅས་འཐུས་ཚང་དུ་གཏོང་དགོས།རྒྱལ་ཁབ་ཀྱི་ཆུའི་དབང་ཆའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཚོང་རའི་ནང་རྐྱེན་བེད་སྤྱོད་གང་ལེགས་བྱས་ཏེ།ཆུའི་ཐོན་ཁུངས་བཟང་འདེམས་བཀོད་སྒྲིག་བྱ་དགོས།
(ཉི་ཤུ)ཆུ་བཀོལ་ཕྱོད་ཚད་ཀྱི་ཚོད་འཛིན་ལམ་ལུགས་འཛུགས་པ།ཆུ་བཀོལ་ལས་ཆོད་ཚོད་འཛིན་བྱེད་པའི་ཚད་དམའ་ཤོས་གཏན་འབེབས་བྱེད་པ་དང་ཆུ་ཆུད་ཟོས་སུ་གཏོང་བ་བློ་ཐག་རྦད་ཆོད་གྱིས་བཀག་འགོག་བྱས་ནས།ཆུ་གྲོན་ཆུང་བྱེད་པའི་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་ཧྲིལ་བོའི་ཁྲོད་བརྒྱུད་དགོས།ས་ཁོངས་དང་ལས་རིགས།ཆུ་བཀོལ་ཐོན་རྫས་ཀྱི་ཆུ་བཀོལ་ལས་ཆོད་དང་དམིགས་ཚད་མ་ལག་མགྱོགས་མྱུར་ངང་གཏན་འབེབས་བྱས་ཏེ།ཆུ་བཀོལ་བཅད་གྲངས་དང་འཆར་གཞི་དོ་དམ་ལ་ཤུགས་སྣོན་དགོས།ཆུ་ལེན་སྤྱོད་བྱེད་པ་དེ་རྒྱ་ཁྱོན་ངེས་ཅན་ཞིག་ཏུ་བསླེབས་པའི་ཆུ་བཀོལ་ཁྱིམ་ཚང་ལ་གཙོ་བོར་ལྟ་ཞིབ་ཚོད་འཛིན་བྱ་དགོས།ཆུའི་ཐོན་ཁུངས་མི་འདང་བའི་ས་ཁུལ་གྱིས་ཟད་གྲོན་ཆེ་བའི་ཆུ་རིགས་ཅན་གྱི་བཟོ་ལས་ལས་གཞི་འཛུགས་སྐྲུན་བྱེད་པ་ཚོད་འཛིན་ནན་མོ་བྱ་དགོས།འཛུགས་སྐྲུན་ལས་གཞིའི་ཆུ་གྲོན་ཆུངབྱེད་པའི་སྒྲིག་ཆས་དང་གཙོ་གཞིའི་བཟོ་འགོད་གཉིས་མཉམ་དུ་འཆར་འགོད་དང་མཉམ་དུ་ཨར་ལས་རྒྱག་པ།མཉམ་དུ་ཐོན་སྐྱེད་བྱེད་འགོ་བརྩམ་པའི་ལམ་ལུགས་དངོས་འབེབས་བྱ་དགོས།ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་བསྒྱུར་བཀོད་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་།ཁེ་ལས་ཀྱིས་ཆུ་གྲོན་ཆུང་བྱེད་པའི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་ཆུ་གྲོན་ཆུང་བྱེད་པའི་དཔེ་སྟོན་བཟོ་འགོད་འཛུགས་སྐྲུན་བྱས་ནས།ཞིང་ལས་ཐད་ཀྱི་ལས་ཆོད་མཐོ་བའི་ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས།ཆུ་གྲོན་ཆུང་བྱེད་པའི་བཙན་ཐབས་རང་བཞིན་གྱིས་ཚད་གཞི་གཏན་འབེབས་བྱས་ཏེ།ཆུ་གྲོན་ཆུང་བྱེད་པའི་ཚད་གཞི་དང་མི་མཐུན་པའི་ཆུ་བཀོལ་བཟོ་རྩལ་དང་སྒྲིག་ཆས།ཐོན་རྫས་བཅས་མགྱོགས་མྱུར་ངང་འདོར་དགོས།
(ཉེར་གཅིག)ཆུ་ཡི་ནུས་ལྡན་ཁུལ་གྱི་སྦགས་བཙོག་ཚོད་འཛིན་ལམ་ལུགས་འཛུགས་པ།ཆུ་ནུས་ཁུལ་གྱི་སྦགས་བཙོག་ཚོད་འཛིན་བྱེད་པའི་ཚད་དམའ་ཤོས་གཏན་འབེབས་བྱས་ནས།ཆུ་རྒྱུད་ཀྱི་སྦགས་བཙོག་གི་ཤོང་ཚད་ཞིབ་བཤེར་གཏན་འབེབས་ནན་མོ་བྱེད་པ་དང་ཆུ་བོ་དང་མཚེའུ་རུ་བཙོག་ཆུ་འབུད་པའི་བསྡོམས་འབོར་ཚོད་འཛིན་ནན་མོ་བྱ་དགོས།རིམ་པ་སོ་སོའི་སྲིད་གཞུང་གིས་སྦགས་བཙོག་འབུད་ཚད་ཚོད་འཛིན་བྱེད་པའི་བསྡོམས་འབོར་དེ་བཙོག་ཆུ་སྔོན་འགོག་དང་བཙོག་སྒྱུར་ཇེ་ཉུང་དུ་གཏོང་བའི་བྱ་བའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས།ལས་འགན་གསལ་བགོས་དང་བྱེད་ཐབས་དངོས་འབེབས་བྱ་དགོས།སྦགས་བཙོག་ཕྱིར་གཏོང་ཚད་དེ་ཆུ་ནུས་ཁུལ་གྱིས་ཚོད་འཛིན་བྱེད་པའི་སྦགས་བཙོག་ཕྱིར་གཏོང་བའི་བསྡོམས་འབོར་ལས་བརྒལ་བའི་ས་ཁུལ་གྱིས་གསར་དུ་འཕར་བའི་ཆུ་ལེན་དང་ཆུ་བོར་འབབ་པའི་བཙོག་ཆུ་གཏོང་ས་ཞིབ་བཤེར་ཆོག་མཆན་འགོད་པ་ཚོད་འཛིན་བྱ་དགོས།ཆུ་ནུས་ཁུལ་གྱི་ཆུ་སྤུས་ཚད་གཞིར་བསླེབས་པའི་གདེང་འཇོག་མ་ལག་བཙུགས་ནས།བརྟག་བཤེར་སྔོན་བརྡའི་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་དགོས།ཆུའི་འབྱུང་ཁུངས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་པ་དང་ཁྲིམས་ལྟར་འཐུང་ཆུའི་འབྱུང་ཁུངས་སྲུང་སྐྱོང་བྱེད་པའི་ས་ཁུལ་དབྱེ་མཚམས་གཅོད་པ།འཐུང་ཆུའི་འབྱུང་ཁུངས་ཀྱི་བབ་བསྟུན་དོ་དམ་ཇེ་དྲག་ཏུ་བཏང་ནས།ཆུའི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཛུགས་དགོས།
(ཉེར་གཉིས།)ཆུའི་ཐོན་ཁུངས་ཀྱི་དོ་དམ་འགན་འཁྲི་དང་ཉམས་དཔྱད་ལམ་ལུགས་འཛུགས་པ།རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གི་འགན་ཁུར་པ་གཙོ་བོས་སྲིད་འཛིན་ས་ཁུལ་རང་གི་ཆུའི་ཐོན་ཁུངས་དོ་དམ་དང་སྲུང་སྐྱོང་བྱ་བར་སྤྱིའི་འགན་ཁུར་དགོས་པ་མ་ཟད།ཆུའི་ཐོན་ཁུངས་དོ་དམ་དང་དཔྱད་ཞིབ་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས།ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་ཁུལ་སོ་སོའི་ཆུའི་ཐོན་ཁུངས་གསར་གཏོད་དང་བེད་སྤྱོད།གྲོན་ཆུང།སྲུང་སྐྱོང་བཅས་དམིགས་ཚད་གཙོ་བོ་དངོས་འབེབས་བྱས་ཚུལ་ལ་དཔྱད་ཞིབ་བྱ་དགོས།དཔྱད་ཞིབ་འབྲས་བུ་དེ་ལས་བྱེད་པའི་གཙོ་གཉེར་སྡེ་ཁག་ལ་སྤྲད་དེ་ས་གནས་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་དང་དཔྱད་བསྡུར་བྱེད་པའི་གཞི་འཛིན་ས་གཙོ་བོར་བརྩིས་ནས།ཆུའི་མང་ཉུང་དང་སྤུས་ཀའི་བརྟག་བཤེར་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལྟ་སྐུལ་དཔྱད་ཞིབ་བྱེད་པར་ལག་རྩལ་ཐད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།
བདུན།མུ་མཐུད་དུ་ཆུ་བེད་འཕེལ་རྒྱས་ཀྱི་ལམ་སྲོལ་འགྲིག་སྲོལ་གསར་སྐྲུན་བྱ་བ།
(ཉེར་གསུམ)ཆུའི་ཐོན་ཁུངས་ཀྱི་དོ་དམ་འགྲིག་སྲོལ་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་ཐོན་ཁུངས་ཀྱི་དོ་དམ་འཐུས་ཚང་དུ་གཏོང་དགོས་པ་མ་ཟད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་འདོན་སྤྲོད་དང་ཆུའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད།ཆུའི་ཁོར་ཡུག་བཅོས་སྐྱོང་དང་ཆུ་ལོག་བཀག་ནས་འཁྱིལ་ཆུ་ཕྱིར་འབུད་པ་སོགས་ཀྱི་ཐད་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལག་བསྟར་བཅས་བྱས་ནས།ཆུའི་ཐོན་ཁུངས་བཟང་འདེམས་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།འབབ་རྒྱུད་དོ་དམ་དང་ས་རྒྱུད་ཀྱི་དོ་དམ་ཕན་ཚན་ཟུང་དུ་སྦྲེལ་བའི་ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།དོན་གཅོད་དབང་ཆ་གསལ་བ་དང་ལས་འགོས་གསལ་བ།བྱ་སྤྱོད་ཚད་ལྡན་དུ་འགྱུར་བ།འཁོར་རྒྱུག་མཐུན་སྦྱོར་དུ་འགྱུར་བའི་ཆུའི་ཐོན་ཁུངས་ཀྱི་དོ་དམ་བྱ་བའི་ནང་རྐྱེན་བཅས་བཙུགས་ནས།ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བཙོག་ཆུ་སྔོན་འགོག་བྱེད་པའི་མཐུན་སྦྱོར་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་དགོས།
(ཉེར་བཞི)ཆུ་བེད་བཟོ་འགོད་ཀྱི་འཛུགས་སྐྲུན་དང་དོ་དམ་འགྲིག་སྲོལ་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ།ཆུ་བེད་བཟོ་འགོད་ཀྱི་ངོ་བོ་དབྱེ་འབྱེད་བྱེད་པ་དང་།རིགས་འབྱེད་དེ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས།འཁོར་རྒྱུག་ལེགས་པོའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།རྒྱལ་དབང་ཆུ་བེད་བཟོ་འགོད་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཕན་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ཆུའི་དོ་དམ་སྡེ་ཚན་གྱི་གཞི་རྩའི་འགྲོ་གྲོན་དང་ཞིག་གསོ་བདག་སྐྱོང་གྲོན་དངུལ་ཆོག་མཆན་འགོད་པ་དངོས་འབེབས་བཟང་བོ་བྱ་དགོས།ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ས་ཁུལ་དང་དབུལ་ཕོངས་ས་ཁུལ་ཀྱི་སྤྱི་ཕན་རང་བཞིན་གྱི་བཟོ་འགོད་ཞིག་གསོ་དང་བདག་སྐྱོང་གྲོན་དངུལ་ཐད་ཁ་གསབ་བྱ་དགོས།ཆུ་དོ་དམ་སྡེ་ཚན་གྱི་ལས་བགོས་མི་སྣའི་སྤྱི་ཚོགས་འགན་སྲུང་གནད་དོན་ཐག་གཅོད་ནན་མོ་བྱ་དགོས།ཆུ་བེད་བཟོ་འགོད་ཆུང་གྲས་ཀྱི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་བདག་དབང་དང་བེད་སྤྱོད་དབང་ཆ་གསལ་བོར་བྱས་ནས་དོ་དམ་སྲུང་སྐྱོང་གི་གཙོ་གཞི་དང་ལས་འགན་དངོས་འབེབས་བྱ་དགོས།སྤྱི་ཕན་རང་བཞིན་གྱི་ཆུ་བེད་བཟོ་འགོད་ཆུང་གྲས་ཀྱི་དོ་དམ་སྲུང་སྐྱོང་གྲོན་དངུལ་ཐད་ཁ་གསབ་བྱ་དགོས།སྤྱི་ཚོགས་ཅན་དང་ཆེད་ལས་ཅན་གྱི་ཆུ་བེད་བཟོ་འགོད་ཀྱི་དོ་དམ་དཔེ་དབྱིབས་སྣ་ཚོགས་འཚོལ་ཞིབ་བྱ་དགོས།སྲིད་གཞུང་གིས་བཏང་བའི་བདག་གཉེར་རང་བཞིན་མིན་པའི་མ་རྩ་འཇོག་པའི་ལས་གཞིའི་ཐད་ཚབ་འཛུགས་ལམ་ལུགས་མགྱོགས་མྱུར་ངང་སྐུལ་སྤེལ་གཏོང་དགོས།ཆུ་བེད་བཟོ་འགོད་འཛུགས་སྐྲུན་དང་འཁོར་རྒྱུག་ཁྲོད་ཀྱི་ཚོང་རའི་ནང་རྐྱེན་འདོན་སྤེལ་གང་ལེགས་བྱས་ཏེ།བདག་གཉེར་རང་བཞིན་གྱི་ཆུ་བེད་བཟོ་འགོད་དེ་ཚོང་རར་ཞུགས་སུ་འཇུག་པ་སྣེ་ཁྲིད་བྱས་ནས་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་རང་ཚུགས་བདག་གཉེར་དང་ཁེ་གྱོང་རང་ཁུར་མངོན་འགྱུར་བྱ་དགོས།
(ཉེར་ལྔ)གཞི་རིམ་གྱི་ཆུ་བེད་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ།འགན་ནུས་གསལ་བ་དང་བཀོད་སྟངས་ལུགས་དང་མཐུན་པ།དཔུང་སྡེ་འཇོན་པ།ཞབས་ཞུ་བཟང་བ་བཅས་ཡིན་པའི་གཞི་རིམ་གྱི་ཆུ་བེད་ཞབས་ཞུ་མ་ལག་འཛུགས་པ་དང་འཐུང་ཚང་དུ་བཏང་ནས།གཞི་རིམ་གྱི་ཆུ་བེད་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།ཤང་གྲོང་དང་ཡང་ན་འབབ་རྒྱུད་ཆུང་རིགས་སྡེ་ཚན་བྱས་ནས་གཞི་རིམ་གྱི་ཆུ་བེད་ཞབས་ཞུ་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས།ཆུའི་ཐོན་ཁུངས་དོ་དམ་དང་བྲུབ་འགོག་ཐན་འགོགཞིང་ཁའི་ཆུ་བེད་འཛུགས་སྐྲུན།ཆུ་བེད་ཚན་རྩལ་ཁྱབ་གདལ་སོགས་སྤྱི་ཕན་རང་བཞིན་གྱི་འགན་ནུས་ཇེ་དྲག་ཏུ་བཏང་ནས།གཏན་འབེབས་ལྟར་མི་སྣའི་སྒྲིག་གཞི་ཞིབ་བཤེར་གཏན་འབེབས་བྱེད་པ་དང་གྲོན་དངུལ་དེ་རྫོང་རིམ་པའི་ནོར་སྲིད་ནང་བཀོད་དེ་སྔོན་རྩིས་བྱ་དགོས།ཤུགས་ཆེན་པོས་ཞིང་པས་ཆུ་བཀོལ་བའི་མཉམ་ལས་རྩ་འཛུགས་གོང་དུ་སྤེལ་དགོས།
(ཉེར་དྲུག)ཆུ་རིན་གྱི་བཅོས་བསྒྱུར་ཧུར་ཐག་གིས་ཁྱབ་གདལ་དུ་གཏོང་བ།ཆུ་རིན་ལེགས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ལས་ཆོད་དང་སྙོམས་གཞུང་གཉིས་ཕན་ཚུན་ལྟ་རྟོག་བྱེད་པ་དང་ཤུགས་ཆེན་པོས་གྲོན་ཆུང་བྱས་ནས་ཆུ་བཀོལ་བ་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།བཟོ་ལས་དང་ཞབས་ཞུ་ལས་རིགས་ཀྱིས་ཆུ་བཀོལ་དུས་ཚད་བརྒལ་རིམ་བརྩེགས་རིན་གོང་འཕར་བའི་ལམ་ལུགས་རིམ་བཞིན་ལག་བསྟར་བྱ་དགོས་པ་མ་ཟད།ཟད་གྲོན་ཆེ་བའི་ཆུའི་ལས་རིགས་དང་ལས་རིགས་གཞན་དག་བར་གྱི་ཆུ་རིན་ཁྱད་པར་ཡོད་དུ་འཇུག་དགོས།གྲོང་ཁྱེར་གཞིས་དམངས་ཀྱི་འཚོ་བའི་ཆུ་བཀོལ་རིན་གོང་ལུགས་དང་མཐུན་པར་ལེགས་སྒྲིག་བྱས་ནས་སྐས་རིམ་ཅན་གྱི་ཆུ་རིན་ལམ་ལུགས་བརྟན་བརླིང་ངང་ཁྱབ་གདལ་དུ་གཏོང་དགོས།གྲོན་ཆུང་བྱས་ནས་བཀོལ་བར་སྐུལ་འདེད་གཏོང་བ་དང་ཞིང་པའི་ཆུ་བཀོལ་རིན་གོང་ཇེ་དམའ་རུ་གཏོང་བ།ཆུ་གཏོང་བཟོ་འགོད་ལེགས་པོའི་ངང་འཁོར་རྒྱུག་བྱེད་པའི་རྩ་དོན་འགན་སྲུང་བྱས་ནས།ཞིང་ལས་ཆུ་རིན་གྱི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས།ཞིང་ལས་ཆུ་གཏོང་བཟོ་འགོད་འཁོར་རྒྱུག་དོ་དམ་ཐད་ཀྱི་གྲོན་དངུལ་ལ་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་གྱིས་བྱ་དགོས།ཞིང་པས་བཅད་གྲངས་ནང་ཆུ་བཀོལ་སྐབས་གཟིགས་སྐྱོང་ཆུ་རིན་ལོངས་སུ་སྤྱོད་པ་དང་བཅད་གྲངས་ལས་བརྒལ་ན་རིམ་བརྩེགས་ཀྱི་ཆུ་རིན་འཕར་བའི་བྱེད་ཐབས་འཚོལ་ཞིབ་བྱ་དགོས།
བརྒྱད།ཆུ་བེད་ལས་དོན་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་པ།
(ཉེར་བདུན)རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ལས་འགན་དངོས་འབེབས་བྱ་བ།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་སྤྱི་ཡོངས་དང་འཐབ་ཇུས་ཀྱི་ཚད་མཐོ་སར་ལངས་ནས་ཆུ་བེད་བྱ་བར་དངོས་གནས་ཤུགས་སྣོན་པ་དང་དུས་ཐོག་ཏུ་ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་འབུར་དོན་ལ་ཞིབ་འཇུག་ཐག་གཅོད་བྱ་དགོས།བྲུབ་འགོག་ཐན་འགོག་དང་འཐུང་ཆུའི་བདེ་འཇགས་འགན་སྲུང།ཆུའི་ཐོན་ཁུངས་ཀྱི་དོ་དམ།ཆུ་མཛོད་བདེ་འཇགས་དོ་དམ་གྱི་སྲིད་འཛིན་མགོ་ཁྲིད་པའི་འགན་ཁུར་ལམ་ལུགས་བཅས་ལག་ཏུ་བསྟར་དགོས།ས་གནས་སོ་སོས་དོན་དངོས་དང་སྦྲེལ་ནས་ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་བྱེད་ཐབས་སྣ་ཚོགས་ནན་ཏན་སྒོས་དངོས་འབེབས་བྱས་ཏེ།དངོས་ཕན་ཐོབ་ཏུ་འཇུག་པར་ཁག་ཐེག་ནན་ཏན་བྱ་དགོས།རིམ་པ་སོ་སོའི་ཆུ་བེད་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་འགན་འཁྲིའི་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་བཏང་ནས།ནན་ཏན་སྒོས་ལས་འགན་སྒྲུབ་པ་དང་ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ལས་འགན་སྣ་ཚོགས་གྱི་ལག་ལེན་བྱ་བ་ནན་འཛིན་བྱ་དགོས།འབྲེལ་ཡོད་སྡེ་ཁག་སོ་སོ་དང་སྡེ་ཚན་གྱིས་འགན་ནུས་ལས་འགོས་ལྟར།ཆ་སྡེབ་བྱེད་ཐབས་དང་བྱེད་སྟངས་སྣ་ཚོགས་མགྱོགས་མྱུར་ངང་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས་ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ཞིང་སྡེ་གཞི་རིམ་གྱིས་སྔོན་ཐོན་གསར་སྐྲུན་དང་ཕུལ་བྱུང་བརྩོན་ལེན་བྱེད་པའི་བྱ་འགུལ་སྤེལ་བའི་ནང་དོན་གཙོ་བོར་བརྩིས་ནས།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད།རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞིང་སྡེའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མགྱོགས་མྱུར་ངང་ལེགས་བསྒྱུར་བྱ་དགོས།
(ཉེར་བརྒྱད)ཁྲིམས་ལྟར་ཆུ་སྐྱོང་བར་སྐུལ་འདེད་གཏོང་བ།ཆུའི་ཁྲིམས་སྲོལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་དང་གྲོན་ཆུང་སྲུང་སྐྱོང་།བྲུབ་འགོག་ཐན་འགོགཞིང་སྡེའི་ཆུ་བེད།ས་ཆུ་སྲུང་འཛིན།འབབ་རྒྱུད་དོ་དམ་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་ངང་འཐུས་འཚང་དུ་གཏོང་དགོས།ཆུ་བེད་ཕྱོགས་བསྡུས་ཁྲིམས་བསྟར་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་ཆུའི་ཐོན་ཁུངས་རིགས་པས་སྒྲུབ་པ་དང་ཆུ་ལེན་ཆོག་འཐུས་དཔང་ཡིགཆུའི་བཟོ་འགོད་ཀྱི་འཛུགས་སྐྲུན་འཆར་འགོད་ཡིད་མཐུན་ཡི་གེཆུ་ལོག་ཐེབས་པ་དཔྱད་དཔགས་ཆུ་སྲུང་འཛིན་འཆར་འགོད་སོགས་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས།ཆུ་བོ་དང་མཚེའུ་དོ་དམ་ལ་ཤུགས་སྣོན་དང་འཛུགས་སྐྲུན་ལས་གཞིས་ཁྲིམས་དང་འགལ་ནས་ཆུ་བོ་དང་མཚེའུ་ཡི་འབབ་རྒྱུད་བཙན་བཟུང་བྱེད་པར་གཏན་འགོག་བྱ་དགོས།རྒྱལ་ཁབ་ཀྱི་བྲུབ་འགོག་ཐན་འགོག་ལྟ་ཞིབ་བྱ་བའི་ལམ་ལུགས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།སྔོན་འགོག་གཙོ་བོ་ཡིན་པ་དང་སྔོན་འགོག་དང་བརྟག་དཔྱད་ཐག་གཅོད་ཟུང་དུ་འབྲེལ་བའི་ཆུ་དོན་རྩོད་གླེང་བརྟག་དཔྱད་ཐག་གཅོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།བབ་བསྟུན་སྔོན་བཀོད་འཆར་གཞི་འཐུས་ཚང་དུ་གཏོང་དགོས།ཆུ་བེད་སྲིད་འཛིན་ཞིབ་བཤེར་ཆོག་འཐུས་འགོད་པའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།ཆུ་བེད་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་འགོད་བྱས་ཏེ།རྒྱལ་ཡོངས་དང་འབབ་རྒྱུད།ས་ཁོངས་བཅས་ཀྱི་ཆུ་བེད་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་དགོས།གཙོ་གནད་འཛུགས་སྐྲུན་ལས་གཞིའི་དུས་སྔོན་མའི་བྱ་བ་ཇེ་མགྱོགས་སུ་སྤེལ་ནས།ཆུ་བེད་འཆར་འགོད་དེ་ཆུ་འབྲེལ་བྱ་འགུལ་གྱི་དོ་དམ་དང་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས།ཆུ་མཛོད་གནས་སྤོ་ཡུལ་མི་བཀོད་སྒྲིག་བྱ་བ་ལེགས་སྒྲུབ་བྱས་ནས་རྗེས་མཐུད་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱ་དགོས།