འཐུས་མི་རྣམ་པ།
ད་ལྟ་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་དབུལ་རྒྱུ་ཡིན་པས། ཚང་མས་གྲོས་ཞིབ་བྱེད་པར་མ་ཟད། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན་གྱི་བློ་མཐུན་ཚོས་བསམ་འཆར་འདོན་པར་འཚལ།
གཅིག 2022ལོའི་ལས་དོན་ཕྱིར་དྲན།
འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་འཕོ་འགྱུར་རྡོ་རིང་བཞེངས་པ་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྒྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་བསྒྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་དེ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་ཁེལ་བྱས་ཡོད། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྒྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེ་ཚན་ནུས་ཤུགས་གང་ཡོད་ཀྱིས་རྩོམ་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་།“དེང་རབས་ཅན་དུ་བསྒྱུར་བའི་མཚོ་སྔོན་གསར་པ་དྲུག”མྱུར་བར་བསྐྲུན་པའི་འབད་འཐབ་དམིགས་འབེན་གཙོ་བོ་གཏན་ཁེལ་བྱས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། “རིམས་ནད་སྔོན་འགོག་དང་དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ནུས་ལྡན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱེད་པ་དང་། “བརྟན་ལྷིང་དྲུག”དང“འགན་སྲུང་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཤིང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྙིང་རུས་ཆེན་པོས་ལག་ལེན་བཅས་བྱས་ནས་དཀའ་གནད་ཁྲོད་བརྟན་པོ་ཡོང་ཐབས་དང་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་ཐབས་བྱེད་པའི་ཕུལ་བྱུང་གི་གྲུབ་འབྲས་བླངས།
— —དམིགས་ཚད་གཙོ་བོའི་སྔོན་ཐོན་གྱི་གནས་བབ་བརྩོན་ལེན་བྱས། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང5.7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་རྐང་འཇོག་པ16.6%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ13.6%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ87%འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་5.5%འཕར། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ12ཁྲོད་དུ་རྣམ་གྲངས4ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། རྣམ་གྲངས3ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས། རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ཁྲོད་དུ་རྣམ་གྲངས4རིམ་པ་དང་པོར་གནས་པ་དང་རྣམ་གྲགས2ཨང་རིམ་གཉིས་པར་སླེབས་ཡོད།
--འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ལོ་རྒྱུས་ཐོག་ཆེས་ཡག་ཤོས་མངོན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར800ལས་བརྒལ་ཏེ་སྒོར་དུང་ཕྱུར842.6ཟིན་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་སྒོར་དུང་ཕྱུར1313ཟིན། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ཆེན་པོ་ལས་བརྒལ་ཏེ་སྒོར་དུང་ཕྱུར141.9ཟིན་ཞིང་། རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་བཅུའི་ཁྲོད་དུ་མཐའ་དག་ཨང་རིམ་ཐོག་མར་གནས།
--རྣམ་གྲངས་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་ཐོན། ཞིང་ཆེན་ཡོངས་ཀྱི“ཚན་རྩལ་གཟེངས་བསྟོད་ལམ་ལུགས”རྣམ་གྲངས་ཐོག་མ་སྟེ། ——ཚྭ་མཚོའི་ཚྭ་རྒྱུ་རྙིང་པ་སྒྲིག་གྲབས་ཆུ་མེད་ལིས་འགྱུར་མའེ་ཡི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དེ་བཞིན་ཉེར་སྤྱོད་རྣམ་གྲངས་ཀྱི་ཐོན་ཚད་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། ཞིང་ཆེན་་ཡོངས་ཀྱི་ལྗང་མདོག་གློག་ཆིང་བཟོ་རྣམ་གྲངས་ཐོག་མ་སྐྲུན་མགོ་ཚུགས་པ་དང་རྒྱལ་ནང་གི་གྲགས་ཅན་ཁེ་ལས་ཁག་གཅིག་མཚོ་ནུབ་ཏུ་བཅའ་སྡོད་བྱས།
--གསར་གཏོད་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། མའེ་རྨང་ས་རྒྱུའི་ཉམས་གསོའི་རྒྱུ་ཆའི་ཐོན་རྫས་མེད་པ་ནས་ཡོད་པ་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་ཧའོ་སྨི་པོ་གནམ་དཔྱད་ལྟ་ཞིབ་ཚད་ལེན་སྟེགས་བུ་ཐོག་མ་དེ་མཚོ་ནུབ་ཏུ་བཙུགས། གོ་ལ་ཧྲིལ་པོར་བར་ཐག་ཉེ་བའི་བར་སྣང་དང་མཁའ་དབྱིངས་རྨང་གཞིའི་ལས་སྟེགས་ཀྱི་མེ་ཤུགས་འཕུར་མདའ་མཚོ་འཁྱག་ཏུ་འཕེན་གཏོང་བྱས།
ལོ་ངོ་གཅིག་གི་རིང་དུ་ང་ཚོས་གཤམ་གྱི་ལས་དོན་དག་བསྒྲུབས་ཡོད་དེ།
(གཅིག)བརྟན་པོའི་ངང་འཕར་བར་ནུས་ཤུགས་བཏོན་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་རྣམ་པ་ལེགས་པོ་ཆགས། བཟོ་ལས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པར་རྒྱུན་འཁྱོངས་དང་། བཟོ་ལས་འཁོར་སྐྱོད་ལ་ཞབས་འདེགས་ཞུ་བའི་བཀོད་གཏོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཟོ་ལས་ཁེ་ལས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་་བྱས། གཙོ་གནད་བཟོ་ལས་ཐོན་རྫས་རིགས13གྱི་ཐོན་ཚད་རྒྱུན་མཐུད་ངང་འཕར་བ་དང་། མཚོ་སྔོན་སྣུམ་ཞིང་གི་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་དང་། ཅིན་ཧའེ་ལི་ལས་རིགས་ཀྱི་ལོ་རེར་གློག་རྫས་ཏུན་ཁྲི1རིམ་པའི་ཐཱན་སྐྱུར་ལིས་སོགས་གཙོ་གནད་རྣམ་གྲངས་མགྱོགས་མྱུར་ངང་བསྐྲུན། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་གསོ་སྐྱོང་དང“སྤོར་བའི་སྒྲིག་སྲོལ”གྱི་ལས་དོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས121གསོ་སྐྱོང་བྱས་ཤིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས9གསར་དུ་འཕར་སྣོན་བྱུང་། ཞབས་ཞུའི་ལས་རིགས་ཀྱི་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་དང་ནོར་སྲིད་ཀྱི་ཁྲལ་གྲོན། མ་དངུལ་འདུ་འཁོར་གྱི་ཁག་ཐེག་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་རོགས་རམ་བྱས། དངོས་རྫས་ཚོང་ཟོག་དྲ་ཐོག་ཕྱིར་ཚོང་བྱེད་ཚད128.9%འཕར་བ་དང་། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང5.6%འཕར། ལྕགས་ལམ་དང་གཞུང་ལམ་ཐོག་སྐྱེལ་འདྲེན་བྱེད་པའི་འཁོར་རྒྱུག་བསྡོམས་འབོར་སོ་སོར7%དང9%འཕར། འབྲུ་རིགས་བདེ་འཇགས་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང“ཚལ་སླེ”ཁུལ་དཔོན་གྱིས་འགན་འཁྲིའི་ལམ་ལུགས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཞིང་ལས་སྐྱེ་དངོས་སྣ་ཚོགས་མུའུ་ཁྲི111.7བཏབ་པ་དང13.9%འཕར། ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་ཡང་བསྐྱར་འཕེལ་རྒྱས་གསར་པ་མངོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་ཕྱུགས་ཐོན་ཟོག་འཁོར་རྒྱུག་འགན་ལེན་ལ་སྤྱི་འདོམས་བྱས་ནས། ནོར་ལུག་བཤས་གཏོང་ཚད23.7%དང18.4%སོ་སོར་འཕར་བ་དང་། རོང་འབྲོག་ལས་ལ་ཐོན་འབབ་ཡག་པོ་བྱུང་བ་དང་རོང་འབྲོག་མང་ཚོགས་ལ་རྒྱུན་མཐུད་ངང་ཡོང་འབབ་འཕར་བར་རྒྱུ་འགན་ལེན་བྱས། ལོ་ངོ་གཅིག་གཅིག་གི་རིང་ལ། ང་ཚོས་བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་མཐའ་འཁྱོངས་སྒོས་རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་མ་དངུལ་འཇོག་པ་དང་རྒྱུ་རྐྱེན་གཙོ་བོ་འགན་ལེན། ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད། བཀོད་གཏོང་ཞབས་ཞུ་བཅས་དམ་འཛིན་བྱས་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་ཆེད་མཚོ་ནུབ་སྟོབས་ཤུགས་ཕུལ།
(གཉིས)བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ལེགས་བསྒྱུར་བྱས་ཏེ། ཁོར་ཡུག་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་བཏང་། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞིའི་ནང་གཏན་ཁེལ་བྱས་པའི་བཅོས་སྒྲིག་ལས་འགན་ཁག་ཁྲོད་རྣམ་གྲངས48སྤུས་ཚད་མཐོན་པོས་ལེགས་པར་གྲུབ་པ་དང་། རྣམ་གྲངས12ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། མདོ་ལ་རི་བོའི་ལྷོ་འདབས་ཀྱི་མཚོ་ནུབ་མངའ་ཁོངས་ཀྱི་གནད་དོན291ས་བཀྲར་བཅོས་སྒྲིག་བྱས་པར་ཞིང་ཆེན་རིམ་པའི་དཔྱད་དཔོག་ཐོབ་པ་དང་ཨང་རྟགས་མེད་པར་བཟོས་ཏེ། བཅོས་སྒྲིག་གི་གྲུབ་འབྲས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ཡོ་བསྲང་གོ་རིམ་ལྡན་པར་བྱས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཏུ་ཞུགས་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་ནུབ་མངའ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། ཚྭ་ཁ་གྲོང་རྡལ་ལ་རྒྱལ་ཁབ་ཀྱི་སྐོར་ཁག་དྲུག་པའི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་རྨོ་ཞིང་སྲུང་འཛིན་བྱས་པ་མུའུ་ཁྲི2སུ་འཕར། རྒྱུན་མཐུད་ངང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ཀྱི་ཚད་ལོན་ཉིན་གྲངས་ཀྱི་བསྡུར་གྲངས97.5%ཟིན། ཁུལ་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་ཚོད་འཛིན་ཆད་ངོས13ཁྲོད་ཀྱི་རིགས11གི་ཆུ་སྤུས་རིམ་པIIསླེབས་པ་དང་རིགས2ཀྱི་ཆུ་སྤུས་རིམ་པⅢསླེབས། སྨན་བཅོས་སྙིགས་རོ་གཅིག་སྡུད་བསྡུ་རུབ་དང་ཐག་གཅོད་བྱས་ཚད100%ཟིན། བྱང་ཕྱོགས་ས་ཁུལ་གྱི་དྭངས་གཙང་དྲོད་ལེན་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་བསྒྱུར་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ནགས་གསོ་མུའུ་ཁྲི10.7དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་མུའུ་ཁྲི38.5བྱས་པ་དང་། བྱེ་འགྱུར་ས་ཆ་བཅོས་སྒྲིག་མུའུ་ཁྲི25.7བཅས་ལེགས་སྒྲུབ་བྱས་ཏེ། ཞིང་ཆེན་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ། ལོ་ངོ་གཅིག་གི་རིང་ལ། ང་ཚོས་གནས་དང་ཐིག ཁྱོན་བཅས་ཟུང་འབྲེལ་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ། རི་ཆུ་ནགས་གསུམ་དང་ཞིང་ལས། མཚེའུ། རྩྭ་དང་བྱེ་མ། འཁྱག་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་སྤྱི་འདོམས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་རི་མོ་བཀོད།
(གསུམ)དགེ་སྤེལ་སྐྱོན་སྤོང་དང་རྨང་གཞི་བརྟན་པོར་བཏང་སྟེ། ཐོན་ལས“གནས་བཞི”འཛུགས་སྐྲུན་མཐོ་ས་ནས་མགོ་བརྩམས། ཚྭ་མཚོའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་འབྱུང་འཕྲོད་རྫས་འགྱུར་བཟོ་ལས་ཀྱིས་དུས་ཐེངས་གཉིས་པའི་ལོ་རེར་ལུའུ་སོན་ཚྭ་ཏུན་ཁྲི4.5ཐོན་སྐྱེད་བྱེད་པ་སོགས་རྣམ་གྲངས8བསྐྲུན་ནས་ཚོད་ལྟའི་ངང་ཐོན་སྐྱེད་བྱས་པ་དང་། ཀྲུང་ཤིན་ཁུ་ནུ་ལི་ལས་རིགས་ཀྱིས་ལོ་རེར་ཐཱན་སྐྱུར་ལི་ཏུན་ཁྲི2ཐོན་སྐྱེད་བྱེད་པ་སོགས་རྣམ་གྲངས23ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས། ཅཱ་ལུད་ཏུན་ཁྲི856ཐོན་སྐྱེད་བྱས་པ་དང་ཅཱ་ལུད་ཏུན་ཁྲི100གསར་དུ་བསྣན་ནས་གཏན་འཇགས་ངང་མཁོ་འདོན་འགན་ལེན་བྱེད་པའི་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ། ནུས་རྒྱུ་གསར་པའི་ཐོན་ལས་མུ་མཐུད་དུ་སྟོབས་ཆེར་གཏོང་བ་དང་སྟོང་ཝ་ཁྲི450ཟིན་པའི་རྟེན་གཞི་ཆེན་པོའི་རྣམ་གྲངས་དང་། ཆིང་ཡུའུ་ཐད་རྒྱུག་དུས་ཐེངས་གཉིས་པ། སྟོང་ཝ་ཁྲི1065ཡི་ཁྲོམ་ར་ཅན་གྱི་རྣམ་གྲངས། སྟོང་ཝ་ཁྲི60ཡི་གློག་གི་རྫས་འགྱུར་ནུས་རྒྱུའི་གསོག་འཇོག་རྣམ་གྲངས་བཅས་གོ་རིམ་ལྡན་པའི་ངང་སྤེལ། ཡུས་ཆཱ-ཐུའོ་སུའོ-མཚོ་ནུབ་ཀྱི་སྟོང་ཕུའུ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བསྐྲུན་ནས་སྤྱོད་མགོ་ཚུགས་པ་དང་། མཚོ་འཁྱག་ཏིང་ཙེའི་འགག་སྟོང་ཕུའུ750ཡི་གློག་སྒྱུར་ས་ཚུགས་རྒྱལ་ཁབ་ཀྱི་གློག་ཤུགས་འཆར་འགོད་ནང་བཞག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤུས་ཚད་མཐོར་གཏོང་གི་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས། ཏུང་ཐེ་ཅི་ནེར་གྲོང་རྡལ་ཆུང་ངུ་སོགས་ཡུལ་སྐོར་རྣམ་གྲངས99མྱུར་བར་བསྐྲུན་ཏེ། གཙོ་གནད་མཛེས་ལྗོངས་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་བར་བཏང་། གཏེར་ལམ་ཆུ་ཁོལ་བང་སོའི་ཚོགས་དེ་ཁག་བཞི་པའི་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་གི་རྣམ་གྲངས་མིང་ཐོའི་ནང་ཚུད་པ་དང་། མཚོ་འཁྱག་ཧའོ་ཞིན་གྲོང་རྡལ་ཆུང་ངུ་ནི2022ལོའི་རྒྱལ་ཁབ་ཡུལ་སྐོར་ཚན་རྩལ་དཔེ་སྟོན་གླིང་གི་མིང་ཐོར་ཚུད། ཚྭ་ཁ་ཚྭ་མཚོའི་མཁའ་དབྱིངས་མཛེས་ལྗོངས་ཁུལ་དང་པོ་དང“ནམ་མཁའི་མེ་ལོང·ཚྭ་ཁའི་མཚྭ་མཚོ་དཀར་མོ”མཛེས་ལྗོངས་ཁུལ་ཁག་དང་པོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་ཁག་དང་པོའི་གསར་བཙུགས་ཚན་པར་བདམས། “སྤྲོ་སེམས་ཀྱིས་ཚྭ་འདམ་གཤོངས་ས་སྒྲོལ་བའི”སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལམ་ཐིག་རྩེ་གྲའི་གྲས་སུ་ཚུད། ཡུལ་སྐོར་ལས་རིགས་ཀྱི་ཁ་དན་ཚིག་གནས་ཀྱི“བཟང་ངན་ལེགས་འབྱེད་ཀྱི་མིང་ཐོའི”ལམ་ལུགས་བཙུགས་ནས། རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་འཕང་འབྲས་ཉོ་ཚོང་ལྟེ་གནས་དང་པོ་ན་གོར་མོ་གྲོང་ཁྱེར་དུ་སྒོ་བྱང་བཀལ། “ངོ་མཚར་ཆེ་བའི་ཚྭ་འདམ་གཤོངས་ས”ཞེས་པའི་མཚོ་ནུབ་རོང་འབྲོག་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་ཁྱབ་བསྒྲགས་བྱས་པ་དང་། མཚོ་ནུབ་ནི་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་ལ་དཔེ་སྟོན་ཁུལ་གཏོད་རྒྱུར་གཏན་འཁེལ་བྱས་པ་དང་། གཏེར་ལམ་རྫོང་དང་ཐེམ་ཆེན་རྫོང་ནི་གཙོ་གནད་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས། རིམ་བསགས་ཀྱིས་ལྗང་མདོག་ཐོན་རྫས233དང་སྐྱེ་ལྡན་ཐོན་རྫས118དཔང་དངོས་བདེན་པ་ར་སྤྲོད་བྱས་པ་ཡོངས་ཞིང་ཆེན་ཡོངས་སུ་རིམ་པ་ཐོག་མར་གནས། ལོ་ངོ་གཅིག་གི་རིང་ལ། ང་ཚོས་བློ་བརྟན་འགྱུར་མེད་ངང་་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཁྲོད་འཕེལ་རྒྱས་ཀྱི་དཀའ་གནད་ཟམ་མི་ཆད་པར་སེལ་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཚོ་ནུབ་འཕེལ་རྒྱས་ལ་སྔར་བས་འོད་སྟོང་འཕྲོ་བའི་མདུན་ལམ་བཟང་པོ་ཞིག་བཏོད།
(བཞི)བྱེད་ཐབས་གསར་གཏོད་ཀྱིས་གྲུང་ཤུགས་ལ་སྐུལ་ཏེ། འཕེལ་རྒྱས་ཀྱི་འགུལ་ནུས་བསྟུད་མར་བསྐྱེད། རྒྱུན་སྲིང་ལྷོད་མེད་ངང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་ཞིང་ཆེན་རིམ་པའི་རྣམ་གྲངས་གལ་ཆེན106ལ་མ་དངུལ་སྒོར་དུང་ཕྱུར263.8བཏང་བ་དང་། འཕར་ཚད་ཞིང་ཆེན་གྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས་གནས8.1བརྒལ། ཀྲུང་ཁྲེ་མཚོ་ནུབ་ཁུལ་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐཱན་མེད་ཐོན་ལས་གླིང་དང་ནན་པའོ་ཏུན་ཁྲི10ཡི་བདར་མང་སྭེལ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་སྐྲུན་མགོ་ཚུགས་ཤིང་། འབྱུང་སྡུད་ལོའི་ཐོན་ཏུན6000གི་ཚད་མཐོའི་ཧྥུལ་ལིན་སྐྱུར་ལིས་སོགས་སྤྱི་ཚོགས་མ་དངུལ་འཇོག་པའི་རྣམ་གྲངས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས“གློད་སྡོམ་ཞབས”བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། སྲིད་གཞུང་སྡེ་ཚན་གྱི་སྲིད་འཛིན་ཞིབ་མཆན་དོན་ཚན42.3%ཉུང་དུ་བཏང་བ་དང“ཆད་རུང་བདག་སྤྲོད་དང་ཤེས་སུ་འཇུག་པའི་ཁས་ལེན”ལམ་ལུགས་ལག་ལེན་བསྟར་བྱས་ཏེ། ཞིབ་མཆན་འགོད་པའི་དུས་ཡུན་ཆེས་ཆེར་ཇེ་ཐུང་དུ་བཏང་། ཁེ་ལས་ཀྱི་ཐོ་འགོད་བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་དུ་བསྒྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱིས“འགྲོ་སྐྱོད་ཉུང་བ”དང“ཐུག་ཕྲད་ཉུང་བ”བྱ་རྒྱུ་དེ་དངོས་ཡོད་དུ་གྱུར་ནས་ཁྲོམ་རའི་གཙོ་གཟུགས་དེ་དུས་མཚུངས་ལས་3.2%འཕར་ཡོད། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རིགས་ཁག་གི་ཚན་རྩལ་གསར་གཏོད་སྟེགས་བུ23དང་མཐོ་གསར་ལག་རྩལ་ཁེ་ལས6དང་། ཚན་རྩལ་ཅན་གྱི་ཁེ་ལས13དང་། ཞིང་ཆེན་རིམ་པའི“ཆེད་མཁས་གསར་གཏོད”ཁེ་ལས་འབྲིང་ཆུང9དང་རྒྱལ་ཁབ་རིམ་པའི“ཆེད་མཁས་གསར་གཏོད”ཁེ་ལས་ཆུང་གྲས3བཅས་མང་དུ་བཏང་སྟེ། གཞི་ཁྱོན་ཡན་གྱི་བཟོ་ལས་ནུས་རྒྱུའི་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས4.8%མར་ཆག རྒྱལ་ཡོངས་ཀྱི་ཐོག་མའི་གནམ་རིག་ལྟ་བཤེར་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་དངོས་སུ་ཁྱབ་བསྒྲགས་བྱས། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེ་གྲས་བཅུའི་ནང་བཞག་སྟེ། རྣམ་གྲངས་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་། སྒོ་དབྱེའི་མཉམ་ལས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་ན་གོར་མོའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་ཀྲུང་ནེའི་སྐམ་སའི་ཚོང་དོན་བགྲོད་ལམ་མགྱོགས་མྱུར་ངང་བསྐྲུན། ཁུ་ནུ་རྒྱལ་སྤྱིའི་ཚོང་དོན་ཟོག་འགྲེམས་གླིང་སོགས་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང89.1%འཕར། ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར143.1ཟིན་ནས་ལོ་འཁོར་གྱི་དམིགས་བྱ་ཚད་བརྒལ་ངང་ལེགས་སྒྲུབ་བྱས། ལོ་ངོ་་གཅིག་གི་རིང་ལ་ང་ཚོས་སྒྱུར་བཅོས་གསར་གཏོད་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འགག་སྒྲོལ་ལོ་དང་། ཚོང་གཉེར་ཁོར་ཡུག་བཅོས་སྒྲིག་ལོ། ཐོན་ལས་སྦྲེལ་ཐག་གི་ལམ་ལུགས་རིང་པོ་བཅས“བྱ་སྤྱོད་ཆེན་པོ་གསུམ”ཏན་ཏིག་ཏུ་སྤེལ་ཏེའཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་རུ་ཕྱིན་ཡོད།
(ལྔ)རང་འགུལ་ངང་དོན་འཁྱོལ་ཤུགས་བསྐྱེད་དེ། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་ཤུགས་སྔར་ན་མེད་པ་བྱུང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཀའ་སེལ་བྱ་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། སྲིད་ཇུས་ཐད་ཀར་ལག་བསྟར་མགྱོགས་ཙམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་སྒོར་དུང་ཕྱུར44ཟིན། བཟོ་སྐྲུན་ལས་རིགས་ཀྱི་ཁྲལ་འཇལ་དུས་འགྱངས་སྒོར་དུང་ཕྱུར2.9ཟིན། “དཔྱ་ཁྲལ་དྲུག་དང་གྲོན་དངུལ་གཉིས”སྒོར་ཁྲི་6587.6ཇེ་ཉུང་དུ་བཏང་། དུས་རིམ་རང་བཞིན་གྱི་སྒོ་ནས་ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། འགན་བཅོལ་ནང་ཞུགས་པའི་ཁེ་ལས་6502ལ་སྒོར་དུང་ཕྱུར1.8མར་ཆག་པར་བྱས། སྤྱི་ཚོགས་འགན་བཅོལ་བྱེད་དངུལ་འཇལ་འགྱངས་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁེ་ལས1033གྱིས་སྤྱི་ཚོགས་འགན་བཅོལ་བྱེད་དངུལ་སྒོར་ཁྲི་2533.6དུས་འགྱངས་ངང་སྤྲད། དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཧུར་ཐག་བྱས་ནས་ཁེ་ལས་ཀྱི་བསྐྱར་དུ་ཐོན་སྐྱེད་དང་ལས་གཏོད་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1.1གཤམ་སྤྲོད་བྱས་པ་དང་། ཁུལ་རིམ་པའི་ནོར་སྲིད་ཀྱིས་ཡུལ་སྐོར་ལས་རིགས་སླར་གསོ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི1000བཀོད་སྒྲིག་བྱས། “སྲིད་གཞུང་དང་དངུལ་ཁང་ཁེ་ལས”ཀྱི་མཉམ་ལས་ཧུར་ཐག་ཏུ་བྱས་ནས་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་དབར་ཡིད་རྟོན་དངུལ་བུན་གྱི་འདོད་མཐུན་སྒོར་དུང་ཕྱུར68.7འཇོག་རྒྱུའི་མཐུན་སྦྱོར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར52.8དོན་འཁྱོལ་བྱས། ལོ་ངོ་གཅིག་གི་རིང་ལ་ང་ཚོས་རིམས་ནད་བྱུང་ཚུལ་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་ནུས་ལྡན་བྱས་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་སྲིད་ཇུས་དོན་འཁྱོལ་དང་ཞབས་ཞུ་མཁོ་སྤྲོད་བྱེད་པར་དམ་འཛིན་བྱས་ཤིང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་འགག་སྒོ་ལས་སྒྲོལ་རོགས་བྱས་པ་དང་ནུས་པ་འདོན་རོགས་བྱས། རྒྱ་ཆེའི་ཚོང་རའི་གཙོ་ཤུགས་ལ་དངོས་ཕན་ངོ་མ་ཐོབ་པ་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བར་བཅུག
(དྲུག)སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་སྐྱིད་བསྐྲུན་ཏེ། དམངས་འཚོ་འགན་སྲུང་སྔར་བས་སྲ་བརྟན་དུ་བཏང་། དམངས་འཚོའི་བྱ་བ་དངོས་ཀྱི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལོ་མགོར་ཁས་བླངས་པའི་དམངས་འཚོའི་བྱ་བ་དངོས་ཆེ་གྲས10ཚང་མ་མངོན་འགྱུར་བྱུང་བ་དང་དམངས་འཚོའི་གཏོང་སྒོས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི82.3%ཟིན། “2411”དབུལ་སྒྲོལ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་པ་དང་། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་དབུལ་སྒྲོལ་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་འབྲེལ་མཐུད་སྐུལ་འདེད་གཏོང་བའི་གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར6.1དོན་འཁྱོལ་བྱས་པ་དང་། རྣམ་གྲངས196ལག་བསྟར་བྱས་ཤིང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟ་བྱེད་གནས་གྲོང་ཚོ17དང་ཁུལ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟ་བྱེད་གནས་གྲོང་ཚོ་5བསྐྲུན། ལོ་ཧྲིལ་པོར་སྡེ་ཁུལ17གྱི་དུད་ཁྱིམ5666གི་གཏན་ཚུགས་ནོར་རྫས་ཐོ་འགོད་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱས། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བ། ལས་ཞུགས་བརྟན་པོ་བཅས་ཀྱི་ལས་ཞུགས་འགན་ལེན་གྱི་བྱ་སྤྱོད་ཁག་བཅུ་གཏིང་ཟབ་ཏུ་སྤེལ་ནས། མཁར་གྲོང་གི་གསར་འཕར་ལས་ཞུགས་དང་རོང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ཐད་ལོ་འཁོར་གྱི་ལས་འགན་ཁག་སོ་སོར101.1%དང106.6%ལེགས་སྒྲུབ་བྱས། མཁར་གྲོང་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོ་སོ5.2%དང6.5%འཕར། སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།“1+7”གྱི་སྲིད་ཇུས་རབ་དང་རིམ་པའི་ཡིག་ཆ་པར་འགྲེམས་བྱས། མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ཀྱི་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱས། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དང་གཏེར་ལམ་རྫོང་མི་དམངས་སྨན་ཁང་གི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཞིང་ཆེན་རིམ་པའི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་ཞིང་། འཕྲོད་བསྟེན་ཤེས་ལྡན་མི་སྣ་ཁྲིད་སྟོན་དང་གསོ་སྦྱོང་བྱ་རྒྱུ་མཉམ་འཛིན་མཐའ་འཁྱོངས་དང་། མཚོ་སྐོར་སྨན་བཅོས་སོགས་རིམ་གསུམ་སྨན་ཁང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་རིམ་གཉིས་སྨན་ཁང་ཁྱོན་ཡོངས་ལ་ཁྱབ་ཅིང་། འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་མུ་མཐུད་དུ་ཇེ་བརྟན་དུ་ཕྱིན་ནས་ཁུལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི41.3ཟིན་པ་དེས་ཐེམ་ཐོའི་མི་འབོར་གྱི102.5%ཟིན། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་མཚོ་ནུབ་ཁུལ་དང་གཏེར་ལེན་ཁ་གྲོང་ཁྱེར། གཏེར་ལམ་རྫོང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་ བརྙན་འཕྲིན་ཅུའུ་བཅས་ལ“སྐོར་ཁག་བཅུ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཚན”གྱི་མཚན་སྙན་ཐོབ། ལོ་ངོ་གཅིག་གི་རིང་ལ་ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་ཆགས་ཏེ། དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། དམངས་འཚོའི་བདེ་སྐྱིད་བསྟུད་མར་འཕེལ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར།བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་བསྐྱེད།
(བདུན།)བྱེད་ཐབས་སྤྱད་དེ་གཞི་ཐིག་བརྟན་སྲུང་བྱས་ཏེ། བདེ་འཇགས་འགན་སྲུང་ཕན་ནུས་ལྡན་པར་བྱས། ཉེན་མེད་ཐོན་སྐྱེད་དམ་འཛིན་བྱས་ཏེ། སྔ་རྗེས་སུ་ཉེན་མེད་ཐོན་སྐྱེད་ཐད་ཀྱི“བྱེད་ཐབས་གཟབ་ནན་ཅན་དོན་ཚན15”དོན་འཁྱོལ་བྱེད་པའི་འགན་འཁྲིའི་ཞིབ་ཐོ་དང་སྒྲིག་སྲོལ་བཙན་པོ་དོན་ཚན8དང་། མངོན་མེད་རྐྱེན་ངན་ཐེར་འདོན་དང་བྱ་དགའ་སྤྲོད་ཐབས་སོགས་ལམ་ལུགས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་དང་དོན་འཁྱོལ་བྱས། བདེ་འཇགས་ཐོན་སྐྱེད་ཀྱི“ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་དང“ཉེན་ཁ་སྔོན་འགོག བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོབ”བཅས་ཀྱི་བདེ་འཇགས་ཐོན་སྐྱེད་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་ཏུ་བྱས་ནས། ཉེན་ཁའི་མི་མངོན་པའི་རྐྱེན་ངན་ཁག་གཅིག་དུས་ཐོག་ཏུ་ཤེས་རྟོགས་དང་བཅོས་སྒྲིག་བྱས། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཐོན་གྲངས་དང་མི་ཤི་ཚད་ཐད“ཟུང་འཕྲི”མངོན་འགྱུར་བྱུང་། ནུས་ཤུགས་ཡོད་རྒུས་ནོར་སྲིད་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་གནད་སེལ་ལས་དོན་ཡག་པོ་བསྒྲུབས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱ་ཐབས་སྤྱད་དེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སེལ་ཏེ། ཁུལ་ཡོངས་དང་ཁུལ་རིམ་པ་དེ་གའི་སྲིད་གཞུང་གི་བུ་ལོན་སེལ་ནས་ལོ་འཁོར་གྱི་ལས་འགན་ཁག་སོ་སོར216%དང་1982%ལེགས་སྒྲུབ་བྱས་ནས། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས། “ཁྲིམས་སྐྱོང་མཚོ་ནུབ”དང“བདེ་འཇགས་མཚོ་ནུབ”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་ཟམ་མི་ཆད་པར་བྱས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། ནག་འཇོམས་ངན་སེལ་གཙང་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ཤིང་།“ངན་གཏོར”ཆེད་དོན་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ། ཡིག་སྐུར་ངོ་བཅར་གྱི་ལོ་རྒྱུས་བསགས་གྱོད་ཁག་ཅིག་ཐག་གཅོད་ནུས་ལྡན་བྱས། ལོ་ངོ་གཅིག་གི་རིང་ལ། ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ལྷོད་ལ་འབབ་མི་ཐུབ་པའི”འགན་འཁྲིའི་འདུ་ཤེས་ཀྱིས་བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་དང་། བདེ་འཇགས་ཀྱི་སྲུང་རགས་བརྟན་པོ་བཙུགས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕན་ནུས་ལྡན་པའི་སྒོ་ནས་འགོག་ཟོན་དང་སེལ་ཐབས་བྱས་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་བྱས།
དུས་མཚུངས་སུ། རྒྱལ་སྲུང་སྐུལ་སློང་དང་མི་དམངས་མཁའ་ཟོན། ཡུལ་དམག་གྲ་སྒྲིག་དམག་སྡུད་སོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚན་རིག་ལག་རྩལ་མཐུན་ཚོགས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོ་ཚོགས་པ་སོགས་མང་ཚོགས་ཀྱི་ཚོགས་པའི་རྩ་འཛུགས་ཀྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྲིད་འཛིན་ཁྲིམས་འཛིན་དང་བརྟག་དཔྱད་བསྡོམས་རྩིས། ཡོམ་འགོག་གེགས་སེལ། རྒན་རྒོན་གསོ་སྐྱོང་། ལོ་རྒྱུས་ཡིག་ཚགས་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ།
འདས་ཟིན་པའི་ལོ་ངོ་གཅིག་ནི་སྲིད་གཞུང་གིས་རང་ངོས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ནུས་ལྡན་དུ་འགན་འཁྲི་སྒྲུབ་པའི་ནུས་ཆེ་རུ་བསྐྱེད་པའི་ལོ་ཞིག་ཀྱང་རེད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱིས“སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི”བྱ་སྤྱོད་གཏིང་ཟབ་སྤེལ་བྱེད་པ་དང། “ཆབ་སྲིད་ཀྱི་སྟོབས་ཤུགས་གསུམ”མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་ལག་ལེན་དོན་འཁྱོལ་སྔར་ལས་ནུས་པ་ཐོན་པར་བྱས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་དོན་དག་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ཡིག་ཆའི་རྣམ་པའི་ཐོག་ནས་ཁུལ་ཨུ་ལ་དགོངས་སྐོར་ཐེངས8ཞུ་བ་དང་སྙན་ཞུ་ཐེངས7བྱས། ཁུལ་ཨུའི་རྒྱུན་ཨུ་ཚོགས་འདུའི་ཐོག་སྲིད་གཞུང་ལས་དོན་གྱི་ཆེད་དོན་སྙན་ཞུ་ཐེངས9ལ་གསན་པ་དང་གྲོས་ཞིབ་ཀྱི་གྲོས་གཞི2ཕུལ། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ། ལོ་འདིའི་ནང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ40དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་48བསྒྲུབས་ཤིང་། སྒྲུབ་གཉེར་ལན་བཏབ་ཚད100%ཟིན་པ་དང་བློ་ཡིད་ཚིམ་ཚད98%ཡན་ཟིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་རྒྱུན་འཁྱོངས་ལྷོད་མེད་ངང་སྤེལ་བ་དང་། “སྤྱོད་ཚུལ་བཞི”སྙིང་རུས་ལྷོད་མེད་ཀྱིས་ཡོ་བསྲང་བྱས་ཏེ། དངོས་གཉེར་འགན་འཁུར་དང་སྤྱོད་གཙང་ལས་སྒྲུབ་ཀྱི་ངང་ཚུལ་སྔར་ལས་ལེགས་པ་ཆགས་པར་བྱས། སྲིད་གཞུང་གི“གྲོན་ཆུང་གི་འཚོ་བ་སྐྱེལ་བའི”བླང་བྱ་དོན་འཁྱོལ་ནན་མོ་སྒོས་གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་བསྟུད་མར་ཆག་པ་དང“གཞུང་གསུམ”གྱི་གྲོན་དངུལ་ཉུང་འཕྲི་ལས་ཇེ་མང་དུ་མི་གཏོང་བར་བྱས།
འཐུས་མི་རྣམ་པ། ལས་དོན་མ་བསྒྲུབས་དཀའ་ལས་ཅི་ལ་ཤེས། ལས་སླ་སྙམ་ཡང་འགྲུབ་པར་དཀའ་བ་སྤྱོད། 2022ལོར། མཚོ་ནུབ་འཕེལ་རྒྱས་གཏོང་བའི་ལས་རིམ་དུ་དཀའ་ཚེགས་ཤིན་ཏུ་ཆེ་བ་དང་འགྲན་སློང་ཧ་ཅང་ཆེ་ལ། ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། “དགོས་མཁོ་ཆུང་དུ་འགྲོ་བ་དང་མཁོ་སྤྲོད་ཀྱི་རྡབ་རྡེག་ཕོག་པ། སྔོན་དཔག་ཉམས་ཞན་དུ་གྱུར་པ”བཅས་ཀྱི་གནོན་ཤུགས་ལྗིད་གྲས་གསུམ་ལ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་དང་ཞོད་སྐྱོན། སེར་བ་སོགས་རང་བྱུང་གི་གནོད་འཚེའི་ཤུགས་རྐྱེན་དང་། རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་སྔོན་དཔག་ལས་བརྒལ་བའི་རྡབ་རྡེག་ལ་གདོང་གཏད་དེ། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ་གྱི་ལས་དོན་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས། འབད་འབུངས་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་སྒོས་ན་གོར་མོའི་རིམས་ནད་སྔོན་འགོག་ཚར་གཅོད་དང་ས་གནས་སོ་སོའི་རིམས་ནད་ཁྱབ་ཚུལ་ལ་འཐབ་འཛིང་ཁྲོད་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་། ནཱ་ལིན་གའོ་ལིའི་འབབ་རྒྱུན་གྱི་ཚད་བརྒལ་ཆུ་ལོག་འོས་འཚམ་གྱིས་ཐག་གཅོད་བྱས། རིམས་ནད་བཀག་ཅིང་དཔལ་འབྱོར་བརྟན་ལ་བདེ་འཇགས་བསྲུངས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་དང་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་ཐོབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་མཚོ་ནུབ་ཀྱི་འགན་འཁྲི་དང་མཚོ་ནུབ་ཕྱོགས་ཀྱི་བྱ་སྤྱོད་གསལ་འགྲེལ་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་ཆེས་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་གནང་བ་དེ་ཡིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ་མཉམ་དུ་འབད་འབུངས་ཡར་བརྩོན་བྱས་པ་ལས་བྱུང་བ་ཡིན། འདིར་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན། དམངས་གཙོའི་ཏང་ཤོག་ཁག།བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཏང་ཕྱིའི་ཤེས་ཡོན་ཅན། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། མགོ་ཁྲིད་རྒན་པ་དང་ལས་བྱེད་པ་རྒན་གྲས། ཁུལ་དུ་བཅའ་སྡོད་བྱེད་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་བཀོད་འཐབ་པ་བཅས་དང་། མཚོ་ནུབ་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར། སྐུལ་འདེད་བཅས་བྱེད་མཁན་མགོ་ཁྲིད་རྣམ་པ་དང་། ཁེ་ལས་མཁས་ཅན། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། ཁ་གཏད་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་པུའུ་ཨུ་དང་ཀྲེ་ཅང་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས་བཅས་དང་། མཚོ་ནུབ་ལ་རོགས་འདེགས་རྒྱབ་སྐྱོར་བྱེད་མཁན་གྱི་ཞིང་ཆེན་གྱི་ཐིན་དང(ཅུའུ)སྤུན་ཟླ་གྲོང་ཁྱེར(ཁུལ)བཅས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་བླ་མེད་གུས་འདུད་ཕུལ།
འཐུས་མི་རྣམ་པ། ཉེན་ཟོན་ངེས་པས་བདེ་བ་འབྱུང་། དཀའ་སེལ་རྟོགས་ན་སྒྲོལ་བར་སླ། གྲུབ་འབྲས་ལ་ཁས་ལེན་བྱེད་པའི་དུས་མཚུངས་སུ། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་ཞིག་ནི། མིག་སྔར་མཚོ་ནུབ་ཀྱི་འཕེལ་རྒྱས་དེ་ལ་མོ་བརྒལ་དཀའ་བ་དང་གདང་རིམ་སྤོར་བ།“ཐེངས་གཉིས་པའི་ལས་གཏོད”བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་དང་ས་ཁོངས་དབར་གྱི་འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ལྡན། ཚན་རྩལ་དང་ཤེས་ལྡན་པ། གསར་གཏོད་བཅས“ཨང་དང་པོ”གསུམ་གྱི་ཐད་ཚོད་བཀག་མངོན་པར་གསལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱག་དགོས་འདུག འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་ལས་འབྲེལ་ཐག་ཅུང་ཐུང་བ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ། རྣམ་གྲངས་ཆེ་གྲས་དོན་འཁྱོལ་བྱེད་དཀའ། ལྗང་མདོག་ཐཱན་ཉུང་དབྱིབས་བསྒྱུར་གྱི་གོམ་སྟབས་སྔར་བཞིན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ད་དུང་མུ་མཐུད་དུ་ཇེ་མཐོར་གཏང་དགོས། དུས་མཚུངས་སུ། ལས་བྱེད་པ་ཉུང་ཤས་ཀྱི་བསམ་བློའི་འདུ་ཤེས་དང་འཇོན་ནུས་དང་བྱང་ཚད་ད་དུང་གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཅུང་ལེགས་པའི་སྒོ་ནས་མི་འཕྲོད་པ་དང་། ལས་ཀའི་སྤྱོད་ཚུལ་དེ་ཙམ་བརྟན་པོ་མིན་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་གཏན་འགོག་བྱེད་ཐུབ་མེད། དེར་བརྟེན། ང་ཚོས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཧེ་བག་ལ་ཐད་ཀར་དམིགས་ཏེ། མུ་མཐུད་དུ་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས།
གཉིས། 2023ལོའི་དམིགས་འབེན་གཙོ་བོ་དང་གཙོ་གནད་ལས་འགན།
2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་མགོ་ཚུགས་པའི་ལོ་ཡིན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་པ་དང་། དེང་རབས་ཅན་དུ་བསྒྱུར་བའི་མཚོ་ནུབ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་བཅས་རེད། སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་གཞི་རྩའི་གཞི་གདངས་མཐའ་འཁྱོངས་དང་། ཁ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་དེའི་ནང་འདྲེས་ཐབས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། རིམས་ནད་བྱུང་ཚུལ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱེད་པ་དང་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་ལེགས་པར་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་གྱིས་སྔོན་ལ་འཛིན་པ་མཐའ་འཁྱོངས་བྱས་ཏེ། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱ་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་ཟུང་འབྲེལ་ཚགས་དམ་པོ་བྱེད་པ་དང་། ཁྲོམ་རའི་ཡིད་ཆེས་བསྐྱེད་་དེ་བརྟན་པོའི་ངང་འཕར་བ་དང་ལས་ཞུགས་བརྟན་པོ་ཡོང་བ། ཟོག་གོང་བརྟན་པོ་ཡོང་བ་བཅས་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོར་བསྒྲུབ་པ་དང་། ཉེན་ཁ་ཆེ་བའི་རིགས་ཀྱི་དོགས་ཟོན་དང་སེལ་ཐབས་ནུས་ལྡན་བྱེད་པ་དང་བཅོས་བསྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ངང་འཕེལ་ཞིང་དར་བར་སྐུལ་འདེད་གཏོང་ཞིང་། སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་ངང་འཕར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ནུབ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འཕེལ་རིམ་གསར་པ་འབྱུང་བར་འགན་ལེན་བྱ་དགོས།
ད་ལོའི་སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར 5%ཡན་འཕར་དགོས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས10%འཕར་དགོས། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1.25ཡན་གསར་དུ་ལས་ཞུགས་ཐུབ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་ཐོ་འགོད་བྱེད་ཚད3.5%ནང་ཚོད་འཛིན་ཐུབ་དགོས། ནོར་སྲིད་ཀྱི་གཏོང་ཡོང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བཅས་བྱ་དགོས། གྲོང་མིའི་འཛད་སྤྱོད་རིན་གོང་གི་བསྡུར་གྲངས་དང་ནུས་སྲི་ཐཱན་འཕྲི། སྦགས་བཙོག་དངོས་པོ་གཙོ་བོའི་སྙིགས་འཕྲི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་བཅས་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་ཚད་ནང་ཚོད་འཛིན་བྱ་དགོས།
གོང་གསལ་དམིགས་འབེན་མངོན་འགྱུར་བྱེད་པར། བརྟན་པོ་ཡོང་བར་བྱ་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་ཧྲུའུ་ཅི་ཁྲེན་ཀང་གིས་མཚོ་ནུབ་ཏུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱ་ལྟར། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“1+12”བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་གཏིང་ཟབ་བྱས་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལོ་དང་མ་དངུལ་འཇོག་པའི་རྣམ་གྲངས་འགག་སྒྲོལ་ལོ། ཐོན་ལས་འབྲེལ་ཐག་གི་རྒྱུན་སྲུང་ལམ་ལུགས་ལ་སྐུལ་འདེད་བྱེད་པའི་ལོ། ཚོང་འགུགས་དངུལ་འདྲེན་གྱི་ཕན་འབྲས་བསྐྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་བཟོ། འཚོ་བའི་སྤུས་ཚད་མཐོར་འདེགས་བཅས“བྱ་སྤྱོད་དྲུག”ལག་བསྟར་གཏིང་ཟབ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། གཤམ་གྱི་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་དགོས་ཏེ།
(གཅིག)ཐོན་ལས“གནས་བཞི”འཛུགས་སྐྲུན་གྱིས་སྣེ་དྲངས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་ཏེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་དམ་འཛིན་ནན་མོ་བྱེད་པ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏང་དགོས་ཤིང་། ཐོན་ལས་འབྲེལ་ཐག་གི་ཉམས་ཞན་ལྷུ་ཚིགས་ལ་ཁ་གསབ་དང་སྟོབས་ཆེར་གཏོང་བ་དང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏན་ཏིག་གིས་སྐྲུན་པ་བཅས་བྱས་ཏེ། ཐོན་ལས“གནས་བཞི”གཙོ་བོར་བྱེད་པའི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་དགོས།