ཏང་སྲིད་ཡིག་ཆ།
 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས(འཆར་ཟིན)》སྐོར་གྱི་གསལ་བཤད།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-11-01  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


——2023ལོའི་ཟླ6པའི་ཚེས26ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞུས་ཨན་པེའོ།


ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་རྣམ་པ།

ངས་ཨུ་ཡོན་གྲོས་ཚོགས་ཀྱི་མངགས་བཅོལ་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས(འཆར་ཟིན)》སྐོར་གྱི་གསལ་བཤད་བྱ་རྒྱུ་ཡིན།

དང་པོ། བཅའ་ཁྲིམས་འདི་བཟོས་པའི་དགོས་ངེས་རང་བཞིན་དང་དོན་སྙིང་གལ་ཆེན།

རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་བློ་གཅིག་སེམས་གཅིག་དང་འབད་བརྩོན་ལྷོད་མེད་བྱེད་པའི་བསམ་བློའི་འབྲེལ་ཐག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་སྒོས་བསྟན་དོན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་སེམས་སུ་རྩ་བ་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་གཞི་རྒྱུ་ཡིན་པས། ཀྲུང་ཧྭ་འཛིན་མའི་ཁྱོན་ཡོངས་ཀྱི་མི་རིགས་ཁག་གིས་མཐུན་སྒྲིལ་གཅིག་གྱུར་དང་། མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་ཕྲུག་གིས་མེས་རྒྱལ་འཕེལ་རྒྱས་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཆེས་བློ་རྩ་བརྟན་པོའི་ངང་ནས་དར་སྤེལ་གཏོང་མཁན་དང་ལག་ལེན་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྲོག་རྩ་གཅིག་སྒྲིལ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་གཞི་རྩ་སྲ་བརྟན་དུ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྐུལ་འདེད་དང་འགན་སྲུང་བྱེད་པ་དང་། དེ་མི་རིགས་ཀྱི་སྙིང་སྟོབས་ཆེར་བསྐྱེད་དང་མི་དམངས་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་བ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་འབད་འཐབ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་པ་བཅས་ལ་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་པ་རེད།

(གཅིག) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། བླང་བྱ་ཁ་གསལ་རབ་དང་རིམ་པ་བཏོན་ཡོད། 2019ལོའི་ཟླ11པར་ཏང་ཀྲུང་དབྱང་གིས《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་རྩ་གནད》དཔར་འགྲེམ་བྱས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་ཚན་རིག་གི་ནང་དོན་དང་ངོ་བོའི་ཁྱད་ཆོས། དུས་རབས་ཀྱི་བླང་བྱ་དང་ལག་ལེན་གྱི་བླང་བྱ་བཅས་གསལ་འགྲེལ་བྱས་ཤིང་། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ“རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ཤུགས་ཆེན་བྱ་དགོས།” རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་སྤྱི་ཚོགས་ཡོངས་ཀྱིས་གཞི་གཅིག་ཏུ་བརྩི་སྲུང་བྱེད་པའི་བཅའ་ཁྲིམས་ཀྱི་ཚད་གཞིར་འགྱུར་བར་བྱ་རྒྱུ་ནི་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་བར་འགན་སྲུང་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དེ་མི་དམངས་ཡོངས་ཀྱི་འགྱུར་མེད་དད་སེམས་དང་། བསམ་པའི་སྟོབས་ཤུགས། རང་རྟོགས་བྱ་སྤྱོད་བཅས་ཀྱི་ལྡོག་མེད་བླང་བྱར་འགྱུར་བར་བྱེད་དགོས།

(གཉིས) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བསམ་པའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རླབས་ཆེན་བྱ་གཞག་ལ་རླབས་ཆེན་གྱི་སྙིང་སྟོབས་དགོས་ལ། རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་གྱི་ཕུགས་འདུན་གཏོད་དགོས། དེ་རིང་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཉེ་བ་དང་། ཡིད་ཆེས་དང་ནུས་པ་དེ་བས་ཆེན་པོ་ལྡན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པའི་སྟེང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་རབ་ཏུ་རྒྱས་ཤིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱས་པ་ཡིས་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྔར་བས་གཏོད་པ་དང་། ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱིས་སྙིང་སྟོབས་ཆེར་སྐྱེད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་བྱས་རྗེས་གསར་པ་གཏོད་པར་སྐུལ་མ་གཏོང་རྒྱུ་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་ཐུབ།

(གསུམ) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་ཧྭའི་བུ་དང་བུ་མོས་སྔར་ནས་བཟུང་ཁ་ཞེ་གཉིས་མེད་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་དང་། རང་དཔེ་གཞན་སྟོན། རྒྱལ་དོན་རང་འགན་དུ་བརྩི་བ། རྒྱལ་ཁབ་ཀྱི་བདེ་རྩར་ཐུག་ན་སྲོག་ཀྱང་གཏོང་ཕོད་པའི་རྒྱལ་གཅེས་བྱ་སྤྱོད་དང་སྙིང་སྟོབས་ལ་གོང་བཀུར་བྱེད་ཀྱིན་ཡོད། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭའི་ཤེས་རིག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་ཁྲག་རྒྱུད་ཀྱི་གཞི་རྒྱུ་ཡིན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་ལ་ཕབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མཉམ་འདྲེས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། ཀྲུང་ཧྭའི་ཤེས་རིག་རྒྱུན་མཐུད་པའི་གཞི་རྐྱེན་དང་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་རང་སྟོབས་རང་སྤེལ་མངོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།

(བཞི) རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ནི་རྩ་ཁྲིམས་ལྟར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་སྐོར་གྱི་གཏན་འབེབས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྩ་ཁྲིམས་ནང་རྒྱལ་ཁབ་ཀྱིས་མི་དམངས་ཀྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས་པའི་གཏན་འབེབས་ཁ་གསལ་བྱས་ཡོད་ལ། མེས་རྒྱལ་གྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས། ཕྱོགས་ཡོངས་ནས་རྩ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་འགན་སྲུང་དང་ཤུགས་སྣོན་བཅས་བྱ་རྒྱུ་ནི་འཕེལ་ཕྱོགས་གཙོ་བོའི་འདུ་ཤེས་འཛིན་སྟངས་སྲ་བརྟན་དང་སྟོབས་ལྡན་དུ་གཏོང་བ། སྤྱི་དམངས་ཀྱིས་རང་རྟོགས་ངང་རྩ་ཁྲིམས་ཀྱི་འོས་འགན་སྒྲུབ་པར་བརྩི་སྲུང་དང་། རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བར་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

གཉིས། ཁྲིམས་འཛུགས་ཀྱི་མཛུབ་སྟོན་བསམ་བློ་དང་བྱ་བའི་གོ་རིམ། ཁོང་དུ་ཆུད་དགོས་པའི་རྩ་དོན།

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་གཏན་འབེབས་བྱེད་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་སྟོན་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལག་ལེན་ཉམས་མྱོང་ ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། མེས་རྒྱལ་ལ་དགའ་བ་དང་། ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་གཅིག་གྱུར་རྒྱུན་འཁྱོངས་དང་།      ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བརྗོད་བྱ་གཙོ་བོར་བཟུང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐད་ལ་བླང་བྱ་གསལ་པོ་བཏོན་ཡོད། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཁྱོན་ཡོངས་ནས་སྐུལ་སྤེལ་དང་། མི་དམངས་ཡོངས་རྫོགས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་སྟོབས་ཤུགས་གཅིག་སྒྲིལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བཅས་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

2022ལོའི་ཟླ7པར། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པའི་ཁྲིམས་འཛུགས་བྱ་བའི་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་ལས་དོན་ཨུ་ལྷན་གྱིས་ཐུན་མོང་ཐོག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་འཆར་ཟིན་འགོད་པའི་ལས་དོན་སྤེལ་མགོ་ཚུགས་ཤིང་། བཅའ་ཁྲིམས་ལས་དོན་ཨུ་ལྷན་གྱི་སྣེ་ཁྲིད་འོག ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་སོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་ཚུད་པའི་ལས་ཀའི་ཆེད་དམིགས་སྡེ་ཁག་བཙུགས་ཏེ། འཆར་ཟིན་འགོད་པའི་ལས་ཀའི་ཞིབ་འཇུག་ལ་དམ་འཛིན་བྱས། གཙོ་བོ་གཤམ་ལྟར་ལས་དོན་སྤེལ་བ་སྟེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་གྱི་ཏང་ཀྲུང་དབྱང་གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལས་དོན་བཀོད་སྒྲིག་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས། གཉིས་ནི་མ་ལག་ལྡན་པའི་སྒོ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྐོར་གྱི་གཏན་འབེབས་དག་སྒྲིག་བྱས་ནས་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་འཛུགས་སྐོར་གྱི་འབྲེལ་ཡོད་གནད་དོན་ལ་ཆེད་དོན་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས། གསུམ་ནི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། ཚོགས་པའི་རྩ་འཛུགས། ཞིང་ཆེན(ས་ཁུལ། གྲོང་ཁྱེར།)མི་དམངས་འཐུས་མི་ཚོགས་ཆེན། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཆེད་མཁས་པ་བཅས་ཀྱི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ངང་གསན་པ་དང་། ཟིན་འགོད་ཆེད་དམིགས་སྡེ་ཁག་གི་བྱ་བའི་རྨང་གཞིའི་སྟེང་། ཁྲིམས་དོན་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་མཉམ་འབྲེལ་སྒོས་ཞིབ་འཇུག་དང་བཟོ་བཅོས་ཡང་ཡང་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས(འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན)གྲུབ་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག36དང་། ཞིང་ཆེན་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་ཁག་ཅིག་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས། ཕྱོགས་སོ་སོས། འཆར་ཟིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གྲུབ་འབྲས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐད་གཏན་ཁེལ་གནང་བ་ནི་དོན་དངོས་དང་མཐུན་ལ། གཞི་རྩའི་ཐོག་ལག་བསྟར་བྱས་ཆོག ཕྱོགས་སོ་སོའི་བསམ་འཆར་ལ་གཞིགས་ནས་སྔར་ལས་ལྷག་པའི་སྒོ་ནས་བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཀྱི་འཆར་ཟིན་གྲུབ་པར་འདོད་ཡོད།

ཁྲིམས་འཛུགས་ཀྱི་བྱ་བར་གཤམ་གྱི་དོན་ཚན་འགའ་ཁོང་དུ་ཆུད་པར་དོ་སྣང་བྱེད་དགོས་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་པོས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་གཅེས་རིང་ལུགས་ནི་རྒྱལ་ཁབ་ཅིག་གི་རིག་གནས་སྲོལ་རྒྱུན་དང་ལོ་རྒྱུས་འཕེལ་རྒྱས། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་བཅས་དང་འབྲེལ་བ་དམ་ཟབ་ཡོད། རང་རྒྱལ་གྱི་རྒྱལ་གཅེས་རིང་ལུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་དང་མི་རིགས་ཀྱི་སྟོབས་འབྱོར་མངའ་ཐང་ལ་གཞིགས་ཏེ་འཕེལ་རྒྱས་ཕྱིན་ཡོད་ལ། མཐར་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་པའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་མི་རིགས་བསྐྱར་དར་ཡོང་བར་འབད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་མཉམ་དུ་འདྲེས་ཡོད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་འཛུགས་ཀྱིས་མེས་རྒྱལ་ལ་དགའ་བ་དང་ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་གཞི་གཅིག་ཏུ་གྲུབ་པའི་དེང་རབས་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་རྩ་བའི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་དགོས། བགྲོད་ལམ་གྱི་ཡིད་ཆེས་དང་། གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་སྲ་བརྟན་དུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དུས་མཚུངས་སུ། ཀྲུང་གོར་རྐང་བཙུགས་ནས་འཛམ་གླིང་ལ་ཁ་ཕྱོགས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲོད་དུ་མིའི་རིགས་ཀྱི་ཕུལ་བྱུང་ དཔལ་ཡོན་གྱི་གྲུབ་འབྲས་དཔྱད་གཞིར་བཟུང་ནས་དམངས་བཅུད་རིང་ལུགས་སོགས་ཀྱི་འགལ་རྐྱེན་སྔོན་འགོག་བྱེད་དགོས། གསུམ་ནི་ཁྲིམས་འཛུགས་ཀྱི་ངེས་གནས་ཚོད་འཛིན་ཡག་པོ་བྱེད་དགོས། རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་སློབ་གསོ་དང་རིག་གནས། རྒྱལ་ཁབ་ཀྱི་མཚོན་རྟགས། སྔོན་གཤེགས་དཔའ་བོར་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཀྱིས་ཕྱོགས་མི་འདྲ་བ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐད་གཏན་འབེབས་བྱེད་དགོས་པ་དང་། ཉེས་ཁྲིམས་དང་རྒྱལ་ཁབ་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གཟི་བརྗིད་མཚན་སྙན་སོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱེད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་དེ་རྒྱུན་སྲིང་དང་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ངང་སྤེལ་བ་དང་སྲོག་རྩ་སྒྲིལ་བར་དམིགས་ནས། འཛུགས་སྐྲུན་གཙོར་འཛིན་པ་དང་ཁྲིམས་འཛུགས་གཞི་རྩར་འཛིན་དགོས། བཞི་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ནི་མི་དམངས་ཡོངས་ལ་ཁ་ཕྱོགས་པའི་སློབ་གསོ་དང་། སློབ་གསོའི་ནང་དོན་ཕུན་སུམ་ཚོགས་ཤིང་། སློབ་གསོའི་རྣམ་པ་སྣ་མང་ཡིན་པས་གཙོ་བོ་གཞོན་ནུ་དང་ལོ་ཆུང་ཡིན་ལ། སློབ་གྲྭའི་སློབ་གསོ་རྨང་གཞིར་བཟུང་བ་དང་། སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་དང་ལག་ལེན་གོམས་གཤིས་ལ་དོ་སྣང་བྱེད་དགོས་པ་མ་ཟད། ལྷག་པར་དུ་སྤྱི་ཚོགས་ཡོངས་ཞུགས་པ་དང་ཐུན་མོང་ཐོག་སྐུལ་སྤེལ་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་འཛུགས་ཀྱིས་ཆོས་ཉིད་འདི་དག་གང་ལེགས་སྒོས་མངོན་པར་མཚོན་པ་དང་བརྩི་སྲུང་བྱེད་དགོས།

གསུམ། འཆར་ཟིན་གྱི་ནང་དོན་གཙོ་བོ།

འཆར་ཟིན་ལ་བསྡོམས་པས་ལེའུ5དང་དོན་ཚན38ཡོད་ཅིང་། ནང་དོན་གཙོ་བོ་ལ།

(གཅིག) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནང་དོན་གྱི་དམིགས་འབེན་སྐོར། རྩ་ཁྲིམས་ལ་གཞིགས་ནས་འཆར་ཟིན་གྱི་གཏན་འབེབས་བྱས་པ་ལྟར་ན། ཀྲུང་གོ་ནི་འཛམ་གླིང་གི་ལོ་རྒྱུས་ཆེས་ཡུན་རིང་བའི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འོད་སྟོང་འབར་བའི་རིག་གནས་དང་། ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བསྐྲུན་ཡོད། རྒྱལ་ཁབ་ཀྱིས་མི་དམངས་ཡོངས་ཀྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་དང་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་གསོ་སྐྱོང་དང་ཇེ་ཟབ་ཏུ་བཏང་ནས། མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་། རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། རྒྱལ་གཅེས་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་དེ་མི་དམངས་ཡོངས་ཀྱི་འགྱུར་མེད་དད་སེམས་དང་། བསམ་པའི་སྟོབས་ཤུགས། རང་རྟོགས་བྱ་སྤྱོད་བཅས་སུ་འགྱུར་བར་བྱེད་དགོས།

(གཉིས) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་མཛུབ་སྟོན་བསམ་བློ་དང་སྤྱིའི་བླང་བྱའི་སྐོར། འཆར་ཟིན་ནང་གཏན་འབེབས་བྱས་དོན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་འཛིན་དགོས། རྒྱལ་གཅེས་རིང་ལུགས་སློབ་གསོའི་སྤྱིའི་བླང་བྱ་ནི་རྒྱལ་གཅེས་དང་། ཏང་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་སར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་བརྗོད་བྱ་གཙོ་བོ་ཡིན་པ་གསལ་པོར་བྱས་ཡོད།

(གསུམ) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་རྩ་དོན་སྐོར། འཆར་ཟིན་གྱི་གཏན་འབེབས་ལྟར་ན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཀྲུང་གོ་གུང་ཁྲན་ཏང་གིས་མཐའ་གཅིག་ཏུ་མགོ་ཁྲིད་དང་། གཅིག་གྱུར་གྱི་མགོ་ཁྲིད་འཐུས་ཚང་དུ་གཏོང་བ། མཉམ་འཛིན་མཉམ་གཉེར་བཅས་ཀྱི་བྱ་བའི་རྣམ་པ་སྐྲུན་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོས་བསམ་བློའི་སྣེ་ཁྲིད་དང་། རིག་གནས་གསོ་སྐྱོང་། སློབ་གསོས་ཁྲིད་སྟོན། ལག་ལེན་ལ་གོམས་པ། བརྗོད་བྱ་གཙོ་བོ་ཁ་གསལ་དང་རྒྱུན་ལྡན། ཡུལ་བབ་དང་བསྟུན་པ། རིགས་འབྱེད་ཇུས་འགོད། ཕྱོགས་སོ་སོས་གཞོགས་འདེགས་དང་ཐུན་མོང་ཐོག་སྐུལ་སྤེལ་བཅས་བྱ་དགོས།

(བཞི) རྒྱལ་གཅེས་རིང་ལུགས་སློབ་གསོའི་ནང་དོན་སྐོར། རྒྱལ་གཅེས་རིང་ལུགས་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་ཤིང་། འཆར་ཟིན་གྱི་གཏན་འབེབས་ནང་བསམ་བློ་ཆབ་སྲིད་དང་ལོ་རྒྱུས་རིག་གནས། རྒྱལ་ཁབ་ཀྱི་མཚོན་རྟགས། མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་། སྔོན་གཤེགས་དཔའ་བོ་དང་དཔེ་སྟོན་མི་སྣའི་བྱས་རྗེས་སོགས་ཕྱོགས་གང་མང་འདུས་ཡོད། དུས་མཚུངས་སུ། འཆར་ཟིན་ནང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ཆེད་དམིགས་ཀྱིས་གཏན་འབེབས་བྱས་ཡོད་པ་མ་ཟད། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱེད་དགོས་པ་ནན་བཤད་བྱས་ཡོད།

(ལྔ) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སྡེ་ཁག་གི་འགན་འཁྲིའི་སྐོར། འཆར་ཟིན་ནང་ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་དང་ལྟ་སྐུལ། སྤྱི་འདོམས་མཐུན་སྦྱོར་བཅས་ལ་འགན་འཁུར་རྒྱུ་དང་། ཀྲུང་དབྱང་དང་རྫོང་རིམ་པ་ཡན་གྱི་ས་གནས་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་སྤེལ་རྒྱུ། ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་རང་རང་གི་ལེགས་ཆ་འདོན་སྤེལ་བྱས་ནས་འབྲེལ་ཡོད་ཚོགས་སྤྱི་ལ་ཁ་གཏད་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་གཏན་འབེབས་བྱས་ཡོད།

(དྲུག) རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་ཡུལ་སྐོར། འཆར་ཟིན་ནང་སྤྱི་དམངས་ཡོངས་ལ་ཁ་ཕྱོགས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་དུས་མཚུངས་སུ་སློབ་གྲྭ་དང་ཁྱིམ་ཚང་གིས་གཞོན་ནུ་དང་བྱིས་པར་སློབ་གསོ་གཏོང་རྒྱུ་འབུར་དུ་བཏོད་དགོས་པར་མ་ཟད། གཞུང་ཞབས་པ་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་ལས་བཟོ་པ། སྡེ་བའི་སྡོད་དམངས། འཐུས་ཚབ་རང་བཞིན་གྱི་མི་སྣ། དགེ་རྒན་ལས་བཟོ་པ་དང་ཆོས་དད་མང་ཚོགས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་སྤུན་ཟླ་སོགས་ཚོགས་སྤྱི་མི་འདྲ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཁ་གཏད་རང་བཞིན་གྱི་གཏན་འབེབས་བྱས་ཡོད།

(བདུན) རྒྱལ་གཅེས་རིང་ལུགས་སློབ་གསོ་ལག་བསྟར་བྱེད་ཐབས་སྐོར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་བྱེད་ཐབས་སྣ་མང་སྤྱོད་དགོས་པ་མ་ཟད་ལག་ལེན་དངོས་ཀྱི་གཞི་རྟེན་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཆགས་པར་བྱེད་དགོས། འཆར་ཟིན་ནང་གསར་བརྗེའི་ཐོན་ཁུངས་དང་། རིག་གནས་ཤུལ་བཞག རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་རིག་གནས་ཁང་སོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་གཟེངས་བསྟོད་བྱ་དགའ་དང་། རྒྱལ་སྟོན་དུས་ཆེན་དང་དྲན་གསོའི་ཉིན་མོ་གལ་ཆེན། དུས་ཆེན་དང་རྟེན་འབྲེལ་གྱི་ཉིན་མོ་གལ་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། རྒྱལ་དར་སྒྲེང་འགེལ་དང་རྒྱལ་གླུ་ལེན་པ། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པ་སོགས་ཀྱི་མཛད་སྒོའི་གུས་སྲོལ་ལ་བརྟེན་ནས་གསར་འགྱུར་སྨྱན་སྦྱོར་དང་དྲ་རྒྱའི་ལས་སྟེགས་སོགས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་སོགས་ལ་སོ་སོར་གཏན་འབེབས་ཞིབ་ཕྲ་བྱས་ཡོད།

(བརྒྱད) རྒྱལ་གཅེས་རིང་ལུགས་སློབ་གསོའི་ཐད་ཀྱི་རྒྱབ་སྐྱོར་དང་འགན་སྲུང་སྐོར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་སྤེལ་བར་འགན་སྲུང་དང་ཤུགས་སྣོན་རྒྱག་ཆེད། འཆར་ཟིན་གྱིས་རྩ་འཛུགས་དང་མི་སྒེར་གྱིས་རྒྱལ་གཅེས་རིང་ལུགས་སློབ་གསོ་སྤེལ་བར་སྐུལ་མ་དང་། རིགས་གཞུང་ཞིབ་འཇུག་དང་འཇོན་མི་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བྱས་རྗེས་འབུར་ཐོན་བཞག་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ། རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་སྲུང་སྐྱོང་དང་། དོ་དམ། བེད་སྤྱོད་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པའི་རིག་རྩལ་བརྩམས་ཆོས་དང་པར་སྐྲུན་དངོས་པོ་སོགས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་ནས་གཏན་འབེབས་བྱས་ཡོད། དུས་མཚུངས་སུ། ད་ལྟ་སྤྱོད་བཞིན་པའི་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ལ་འབྲེལ་མཐུད་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་འགལ་བའི་བཀག་སྡོམ་རང་བཞིན་གྱི་བྱ་སྤྱོད་དང་དེ་བཞིན་ཁྲིམས་ལུགས་ཀྱི་འགན་འཁྲིར་གཏན་འབེབས་བྱས་ཡོད།

རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས་ཀྱི་འཆར་ཟིན་དང་གོང་གི་གསལ་བཤད་དག་འོས་འཚམ་ཡིན་མིན་ལ་གྲོས་ཞིབ་གནང་རོགས་ཞུ། །

གོང་མ།:སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱིན་གསབ་སྟེར་བའི་སྲོལ་ཡིག

ཞོལ་མ།:གསང་མྱུལ་ལ་རྒོལ་བའི་བདེ་འཇགས་འགོག་ཟོན་བྱ་བའི་གཏན་འབེབས།