སྲིད་ཇུས་ཁྲིམས་སྲོལ།
 

«དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར»ཞེས་པའི་ཀློག་འགྲེལ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2014-05-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས།མཚོ་སྔོན་ཉིན་རེའི་ཚགས་པར།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱེད་པར་ངེས་པ་དོན་གྱིས་ཤུགས་སྣོན་བྱེད་པ་དང་།སྐྱེ་ཁམས་དཔལ་ཡོན་གྱི་སྔོན་བསྐྱོད་ས་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་སྤེལ་བྱེད་པ།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ།རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་བདེ་ལེགས་ངང་མཐུན་སྦྱོར་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་བྱེད་ཆེད།ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་གྱིས«དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་བསམ་འཆར།»ཞེས་པ་འགྲེམ་སྤེལ་གནང་བ་རེད།(མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང2014ཡིག་ཆ་ཨང27པ)«བསམ་འཆར»དེ་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན།ཞིང་ཆེན་བཟོ་ཚོང་ཅུའུ་སོགས་དང་།ཞིང་ཆེན་ཐད་གཏོགས་སྡེ་ཁག་གིས་ཕྱོགས་ཡོངས་ནས་གང་ལེགས་སྒོས་རྟོག་དཔྱོད་ཞིབ་འཇུག་དང་།ཐེངས་མང་བོར་བསམ་འཆར་བསྡུ་ལེན།ལེགས་བཅོས་འཐུས་ཚང་དུ་བཏང་བའི་རྨང་གཞིའི་སྟེང་།མཚོ་སྔོན་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་པར་སྐྲུན་འགྲེམ་སྤེལ་བྱས་ཏེ།གྲོང་ཁྱེར་སོ་སོ་དང་།རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་།ཞིང་ཆེན་སྲིད་གཞུང་གི་ཏང་ཨུ་སོ་སོ་དང་གཞུང་སྒྲུབ་ཁང་།ཐིན་དང་ཅུའུ་སོ་སོ།རྫོང་མི་དམངས་སྲིད་གཞུང་བཅས་ལ་བཀྲམས་པ་ཡིན་ཞིང་།«བསམ་འཆར»འདི་ནི་མཚོ་སྔོན་ཞིང་ཆེན་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དེ་དོ་དམ་བྱེད་པའི་ཐད་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ།ཡིག་ཆ་དེ་ཁག་བཞི་རུ་བགོས་ཡོད་པ་དང་དོན་ཚན་བཅོ་ལྔའི་སྟེང་ནས་བསམ་འཆར་བཏོན་ཡོད།

«བསམ་འཆར»གྱི་ཁག་དང་པོ་ནི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དེ་བཀོད་སྤྱོད་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་འབྲེལ་ཡོད་ནང་དོན་ལ་དོན་ཚན་གཅིག་ནས་བཞིའི་བར་ཏེ་སྤྱི་བསྡོམས་པས་བསམ་འཆར་དོན་ཚན་བཞི་བཏོན་ཡོད།

«བསམ་འཆར»གྱི་དོན་ཚན་དང་པོ་ལ།གཙོ་བོ་བྱ་བ་སྤྱིའི་རེ་བ་གསལ་བོར་བཏོན་ཡོད་པ་སྟེ།ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་དང་།སྐྱེ་ཁམས་ཀྱིས་ཞིང་ཆེན་སྐྱོང་བ་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་མི་འགྱུར་བ་རྒྱུན་འཁྱོངས་བྱས་ཏེ།མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་བསྐྱོད་ས་ཁུལ་འཛུགས་པ་དམིགས་གཞིར་འཛིན་པ་དང་།ཡང་དག་པའི་སྒོ་ནས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་གསར་གཏོད་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས།སྲིད་ཇུས་བྱེད་ཐབས་སྔར་ལས་ལྷག་པར་འཐུས་ཚང་དང་ཡུལ་དངོས་ནས་དོ་དམ་བྱེད་པར་ཤུགས་སྣོན།ཚད་ལྡན་སྒོས་དབྱར་རྩྭ་བརྐོ་བའི་སྤྱོད་སྟངས་ལ་བརྟེན་ནས་དབྱར་རྩྭའི་ཐོན་ཁུངས་སྲུང་སྐྱོབ་དང་དེར་དོ་དམ་བྱེད་པའི་བྱ་བ་ཚད་ལྡན་ཅན་དང་།ཁྲིམས་ལུགས་ཅན་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས།ཐོན་ཁུངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས།སྐྱེ་ཁམས་བཅས་མཐུན་སྦྱོར་དང་བདེ་ལེགས་ངང་འཕེལ་རྒྱས་ཡོང་བར་ཡར་སྐུལ་བྱེད་དགོས།

«བསམ་འཆར»གྱི་དོན་ཚན་གཉིས་པའི་ནང་བསྟན་དོན།ཐོན་ཁུངས་ལ་བརྟག་དཔྱད་བྱེད་པའི་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས།ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རྩ་འཛུགས་སྒོས་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་ཏེ།ས་གནས་ཁག་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་རིགས་སྣ་དང་ཁྱབ་ཚུལ།མང་ཉུང་།བརྐོ་ཚད་དང་ཁྲོམ་རའི་འགྱུར་ལྡོག་སོགས་ཀྱི་གཞི་རྩའི་གནས་ཚུལ་ཞིབ་མོར་ཁོང་དུ་ཆུད་པར་བྱེད་པ་དང་།ཐོན་ཁུངས་ཀྱི་ཁྱབ་ཚུལ་རི་མོར་འབྲི་བ།ཐོན་ཁུངས་ཀྱི་གཞི་གྲངས་མཛོད་བསྐྲུན་ནས།ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་བྱ་བའི་སྒྲུབ་ཤུགས་ཇེ་ཆེར་གཏོང་བ་དང་།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་དགོས།གྲོང་ཁྱེར་དང་ཁུལ།རྫོང་ཞིང་ཕྱུགས་སྡེ་ཁག་གིས་སྡོམ་རྩིས་སྡེ་ཁག་དང་ལྷན་དུ་བརྟག་དཔྱད་སྡོམ་རྩིས་ལམ་ལུགས་འཛུགས་པ་དང་།དབྱར་རྩྭ་དགུན་འབུ་བརྐོ་བ་དེས་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་དང་རོང་འབྲོག་པའི་ཡོང་འབབ་ལ་ཐེབས་པའི་ཤུགས་རྐྱེན་དུས་བཅད་ལྟར་དཔྱད་འཇོག་བྱས་ཏེ།དབྱར་རྩྭ་དགུན་འབུར་ཚན་རིག་ལྟར་སྲུང་སྐྱོབ་དང་ལུགས་མཐུན་གྱིས་བེད་སྤྱོད་པར་ཡིད་རྟོན་རུང་བའི་གཞི་འཛིན་ས་འདོན་སྤྲོད་བྱ་དགོས།

དོན་ཚན་གསུམ་པའི་བསམ་འཆར་ནང་བསྟན་དོན།ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་པར་ཡར་སྐུལ་གཏོང་བ།ས་གནས་ཁག་གིས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་ལྟར།དབྱར་རྩྭ་དགུནའབུ་བརྐོ་མི་ཆོག་པའི་ས་ཁུལ་དང་ཚོད་འཛིན་པའི་ས་ཁུལ།བརྐོ་རུང་བའི་ས་ཁུལ་དབྱེ་བ་དང་།རིགས་བཀར་ནས་དོ་དམ་བྱེད་པའི་བྱེད་ཐབས་དངོས་འབེབས་བྱས་ཏེ།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་གོ་རིམ་ཡོད་པ་དང་ཡུན་རིང་དུ་བེད་སྤྱོད་པར་ཁག་ཐེག་བྱ་དགོས།དབྱར་རྩྭ་དགུན་འབུ་བརྐོ་སྐབས་ཕྱུགས་བསྐྱུར་རྩྭ་འདེབས་དང་།རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའ་སྟེར་བའི་ལམ་ལུགས་དང་ཟུང་དུ་སྦྲེལ་ཏེ།དབྱར་རྩྭ་དགུན་འབུའི་ཐོན་ཁུལ་དུ་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་།ཉམས་ཞན་དུ་གྱུར་བའི་རྩྭ་སར་ཕྱོགས་བསྡུས་བཅོས་སྐྱོང་དང་རྩྭ་ས་བདག་སྐྱོང་མཁན་གྱི་དཔུང་སྡེ་འཛུགས་པར་གཙིགས་འཛིན་དང་།དབྱར་རྩྭ་དགུན་འབུའི་སྲུང་སྐྱོབ་རུ་ཁག་འཛུགས་པ།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཁྱབ་ཚུལ་གྱི་སྐྱེ་ཁམས་ས་ཁོངས་བདམས་ནས་གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་འཛུགས་པ་དང་།དབྱར་རྩྭ་དགུན་འབུ་ཐོན་སའི་ཁོར་ཡུག་སྲུང་སྐྱོབ་དང་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་དང་།དབྱར་རྩྭ་དགུན་འབུ་སྐྱེས་སའི་ཁོར་ཡུག་སྲུང་སྐྱོབ་ལེགས་བཅོས་བྱས་ཏེ།ཐོན་ཁུངས་སླར་གསོ་ཡི་ནུས་པ་ཇེ་ཆེར་གཏོང་དགོས།

དོན་ཚན་བཞི་བའི་བསམ་འཆར་ནང་བསྟན་དོན།ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་པའི་ཆུ་ཚད་ཇེ་མཐོར་གཏོང་བ།ཞིང་ཆེན་འཕྲོད་སྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་རྟོག་དོ་དམ་ཅུའུ་དང་ལྷན་དུ་དབྱར་རྩྭ་དགུན་འབུ་དེ་རྒྱལ་ཁབ་སྨན་རྫས་དང་ཟས་རིགས་ཁུངས་གཅིག་དཀར་ཆག་ཏུ་འགོད་པར་བརྩོན་ལེན་བྱེད་པ་དང་།དབྱར་རྩྭ་དགུན་འབུའི་སྤུས་ཚད་གདེང་འཇོག་ཚད་གཞི་མ་ལག་གཏན་ལ་འབེབས་པར་ཞིབ་འཇུག་དང་།དབྱར་རྩྭ་དགུན་འབུའི་ཞིབ་བཤེར་ཚད་ལེན་ཞབས་ཕྱི་བསྒྲུབ་དགོས།ཞིང་ཆེན་སྤུས་ཚད་ལྟ་རྟོག་དོ་དམ་ཅུའུ་ཡིས་ཁེ་ལས་ཀྱིས“མཚོ་སྔོན་དབྱར་རྩྭ་དགུན་འབུའི་ས་གཤིས་མཚོན་རྟགས་ཐོན་རྫས་ཆེད་སྤྱོད་ཚོང་རྟགས”ཞུ་འབུལ་དང་བཀོལ་སྤྱོད་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཏེ།དབྱར་རྩྭ་དགུན་འབུའི་ཐོན་སའི་ཁུངས་འདེད་མ་ལག་འཛུགས་དགོས།ཞིང་ཆེན་ཚན་རྩལ་ཐིན་གྱིས་འབྲེལ་ཡོད་ཚན་ཞིབ་སློབ་གླིང་དང་ཁེ་ལས།སྤྱི་ཚོགས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་པའི་རིག་ཚན་མང་པོར་ཞིབ་འཇུག་ཟབ་མོ་བྱས་ཏེ།དེའི་ཕན་ནུས་དང་གྲུབ་ཆའི་ཞིབ་འཇུགལས་སྣོན་ཞིབ་ཚགས་སོགས་ཀྱི་ཐད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལེན་པར་འབད་བརྩོན་བྱ་དགོས།ཞིང་ཆེན་ཚོང་དོན་ཐིན་གྱིས་དབྱར་རྩྭ་དགུན་འབུའི་ཐོན་རྫས་རབ་དང་རིམ་པ་མྱུར་དུ་ཞིབ་ལས་དང་གསར་སྤེལ་བྱས་ཏེ།ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་འགྲན་སློང་ཤུགས་ཇེ་མཐོར་གཏོང་དགོས།

«བསམ་འཆར»གྱི་ཁག་གཉིས་པ་ནི་དབྱར་རྩྭ་དགུན་འབུ་བརྐོ་བར་ཤུགས་སྣོན་པའི་ནང་དོན་སྐོར་ལ་དོན་ཚན་བཞི་ནས་དགུའི་བར་ཏེ་སྤྱི་བསྡོམས་པས་བསམ་འཆར་ལྔ་བཏོན་ཡོད།

དོན་ཚན་ལྔ་བའི་བསམ་འཆར་ནང་བསྟན་དོན།ཁོངས་གཏོགས་ས་ཆའི་འགན་འཁྲི་ངེས་པ་དོན་གྱིས་དངོས་འབེབས་བྱེད་པ།དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་ལ་རིམ་བགོས་འགན་ཁུར་དང་ཁག་བགོས་དོ་དམ་བྱེད་རྒྱུ་དང་།རིམ་པ་ཁག་སྲིད་གཞུང་གི་འགན་ཁུར་པ་གཙོ་བོ་ནི་འགན་ཁུར་པ་དང་པོ་དང་།ཁག་བགོས་འགན་ཁུར་པ་འགན་ཁུར་པ་གཙོ་བོ་བྱས་ཏེ།གོང་ནས་འོག་མའི་བར་རིམ་པ་བཞིན་དུ་འགན་ཁུར་དགོས།གྲོང་ཁྱེར་དང་ཁུལ།རྫོང་བཅས་ཀྱི་མགོ་ཁྲིད་པས་རྫོང་དང་ཞང་།སྡེ་བ་བཅས་གནས་གཏན་ཁེལ་གྱིས་འགན་གཙང་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་།རིམ་པ་བཞིན་དུ་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཏེ།གཅིག་གྱུར་གྱིས་དབྱར་རྩྭ་དགུན་འབུ་བརྐོ་བར་དོ་དམ་བཟང་བོ་བྱེད་དགོས།གྲོང་ཁྱེར་དང་ཁུལ་སྲིད་གཞུང་གིས་ཁོངས་གཏོགས་ས་ཁུལ་གྱི་ལྟ་རྟོག་དོ་དམ་འགན་ཁུར་ཏེ།བྱ་བ་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་རྟོག་དང་ཞིབ་བཤེར་བྱེད་དགོས།རྫོང་རིམ་པའི་སྲིད་གཞུང་ནི་ཁོངས་གཏོགས་དོ་དམ་བྱེད་མཁན་གཙོ་བོ་ཡིན་པས།ཞིང་ཆེན་དང་གྲོང་ཁྱེར།ཁུལ་བཅས་ཀྱི་བྱ་བའི་བཀོད་སྒྲིག་དང་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ་བྱེད་པའི་བྱེ་བྲག་བྱ་བའི་འགན་བླངས་ཏེ།དབྱར་རྩ་དགུན་འབུ་བརྐོ་བའི་དོ་དམ་དང་ཞབས་ཕྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

དོན་ཚན་དྲུག་པའི་བསམ་འཆར་ནང་བསྟན་དོན།ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་འཆར་གཞི་ཚན་རིག་ལྟར་གཏན་ལ་འབེབས་དགོས།དབྱར་རྩྭ་དགུན་འབུ་ཐོན་སའི་རིམ་པ་ཁག་གི་སྲིད་གཞུང་གིས་ལོ་རྒྱུན་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལོ་རེར་བརྐོ་བའི་འཆར་གཞི་ཚན་རིག་ལྟར་གཏན་ལ་འབེབས་པ་དང་།དབྱར་རྩྭ་དགུན་འབུ་བརྐོ་སའི་ས་ཁོངས་དང་གཞི་ཁྱོན།བརྐོ་བའི་འཆར་གཞི།བརྐོ་མཁན་གྱི་མང་ཉུང་།བརྐོ་བའི་དུས་བཅད་དང་འབྲེལ་ཡོད་འགན་སྲུང་བྱེད་ཐབས་བཅས་འོས་འཚམ་གྱིས་གཏན་ཁེལ་བྱེད་དགོས།གྲོང་ཁྱེར་དང་ཁུལ་སོ་སོས་ལོ་སྟོད་དུ་དབྱར་རྩྭ་དགུན་འབུ་བརྐོ་བའི་འཆར་གཞི་དེ་ཞིང་ཆེན་ཞིང་ཕྱུགས་ཐིན་ལ་ཞུ་འབུལ་བྱས་ཏེ་ཡིག་ཚང་དུ་འགོད་དགོས།

དོན་ཚན་བདུན་པའི་བསམ་འཆར་ནང་བསྟན་དོན།དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཐོན་ཁུལ་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་རང་སའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་བྱེད་ཐབས་གཏན་ལ་ཕབ་ནས།ལྟ་རྟོག་དང་དོ་དམ་བྱེད་པར་ཤུགས་སྣོན་དགོས།དབྱར་རྩྭ་དགུན་འབུ་བརྐོ་མཁན་དང་རྩྭ་ས་གཙང་ལེན་བདག་གཉེར་མཁན་བར་གྱི་ཁེ་ཕན་འབྲེལ་བ་མཐུན་སྦྱོར་དང་ཐག་གཅོད་བཟང་བོ་བྱེད་པ་དང་།ཕན་ཚུན་གྱི་རྩྭ་སར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་འོས་འགན་གསལ་བོར་དབྱེ་ནས།དབྱར་རྩྭ་དགུན་འབུ་བརྐོ་བའི་རྩོད་གཞི་ཇེ་ཉུང་དུ་གཏོང་ཐུབ་ཅི་ཐུབ་བྱ་དགོས།དབྱར་རྩྭ་དགུན་འབུ་བརྐོ་བའི་དཔང་ཡིག་གི་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།རྩྭ་སའི་རྩི་ཤིང་སླར་གསོའི་འགྲོ་གྲོན་བསྡུ་བའི་ལམ་ལུགས་ལག་བསྟར་དང་།རྩི་ཤིང་སླར་གསོའི་དོ་དམ་ལ་ཤུགས་བསྣན་ནས།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་དེ་ལམ་ལུགས་ཅན་དང་ཁྲིམས་ལུགས་ཅན་དུ་བསྒྱུར་དགོས།རིམ་པ་ཁག་གི་ཞིང་ཕྱུགས་སྲིད་འཛིན་གཙོ་བདག་སྡེ་ཁག་དང་རྩྭ་སའི་ལྟ་རྟོག་དོ་དམ་ལས་ཁུངས་ཀྱིས«མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུ་བརྐོ་བའི་སྒྲིག་སྲོལ»ཞེས་པ་ལྟར།དབྱར་རྩྭ་དགུན་འབུ་བརྐོ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།དབྱར་རྩྭ་དགུན་འབུ་བརྐོ་མཁན་གསོ་སྦྱོང་བྱེད་པར་གཙིགས་འཛིན་དང་།དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་བཅད་འོས་མཚམ་གྱིས་གཏན་ཁེལ་བྱས་ཏེ།འཕྲོག་བཅོམ་ཚུལ་གྱི་བརྐོ་སྟངས་གཏན་འགོག་བྱ་དགོས།

དོན་ཚན་བརྒྱད་པའི་བསམ་འཆར་ནང་བསྟན་དོན།ལྟ་རྟོག་དང་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ།དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ལ་ཐོན་པའི་སྐབས་སུ།ཐོན་ཁུལ་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་བྱ་བའི་ལམ་ལུགས་བཙུགས་ཏེ།རྡུང་རེས་དང་ཞོ་རྒྱག་པ།གང་བྱུང་དུ་བརྐོ་བ།རྩྭ་སའི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་སའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཟོ་བ།དབྱར་རྩྭ་དགུན་འབུ་རྫུན་མ་བཟོས་ཏེ་འཚོང་བ།རིན་གོང་ཡར་གཏོད་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།གནད་སའི་སྡེ་བ་དང་ཁྱིམ་ཚང་སྐོར་ཞིབ་བྱེད་པའི་ལུགས་འཛུགས་པ།སྤྱི་བདེ་དང་འགྲིམ་འགྲུལ་སོགས་སྡེ་ཁག་གིས་ལམ་ཚིགས་གཙོ་བོ་དག་ནས་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ས་ཚིགས་བཙུགས་ཏེ།ཁྲིམས་དང་འགལ་ནས་དབྱར་རྩྭ་དགུན་འབུ་བརྐོ་མཁན་དག་དབྱར་རྩྭ་དགུན་འབུ་ཡོད་སར་འགྲོ་བར་ཞིབ་བཤེར་ནན་མོ་བྱེད་རྒྱུ་མ་ཟད།དབྱར་རྩྭ་དགུན་འབུ་བརྐོ་མཁན་ཕྱིར་སྤྲོད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས།དབྱར་རྩྭ་དགུན་འབུ་བརྐོ་མཁན་གཙང་བཤེར་དང་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ནས།ཁྲིམས་དང་འགལ་ནས་དབྱར་རྩྭ་དགུན་འབུ་བརྐོ་མཁན་དུས་ཐོག་ཏུ་ཕྱིར་སྐྱེལ་དགོས།ཞུ་གཏུག་ཁ་པར་དང་ཡིག་སྒམ་བཙུགས་ཏེ།མང་ཚོགས་ཡོངས་ཁྱབ་ཏུ་སྐུལ་སློང་བྱས་ཏེ་ལྟ་རྟོག་བྱེད་དུ་འཇུག་པ་དང་།ཁྲིམས་འགལ་གྱིས་དབྱར་རྩྭ་དགུན་འབུ་རྐོ་བར་ཆམ་ཕབ་གཏོང་དགོས།

དོན་ཚན་དགུ་བའི་བསམ་འཆར་ནང་བསྟན་དོན།ཐོན་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དོ་དམ་ལ་ཤུགས་བསྣོན་པ།ཐོན་ཁུལ་གྱི་རིམ་པ་ཁག་གི་སྲིད་གཞུང་གིས་དབྱར་རྩྭ་དགུན་འབུ་བརྐོ་སྐབས་ཀྱི་སྤྱི་ཚོགས་བད་འཇགས་དོ་དམ་ལ་ཤུགས་བསྣན་ནས།གཞི་ཁྱོན་ཆེ་བའི་འདུ་ཚོགས་རྒྱག་པའི་དོན་རྐྱེན།དབྱར་རྩྭ་དགུན་འབུ་བརྐོ་ས་ནས་ཤི་རྨས་ཀྱི་དོན་རྐྱེན་མི་འབྱུང་བ།བདེ་འཇགས་གྱོད་དོན་དང་དཔལ་འབྱོར་རྩོད་གཞི་ཆེན་པོ་མི་འབྱུར་བར་ཁག་ཐེག་བྱེད་དགོས།གྲོང་ཁྱེར་དང་ཁུལ།རྫོང་།ཞང་རིམ་པ་གསུམ་གྱི་འགལ་བ་སེལ་ཞིབ་བྱ་བའི་ལམ་ལུགས་དང་གློ་བུར་དུ་འབྱུང་བའི་སྤྱི་པའི་དོན་རྐྱེན་འཕྲད་སྒྲུབ་ལམ་ལུགས་བཙུགས་ཏེ།འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་སེལ་ཞིབ་དང་།སྤྱི་པའི་བདེ་འཇགས་སོགས་གློ་བུར་དུ་འབྱུང་བའི་དོན་རྐྱེན་སྔོན་འགོག་བྱེད་དགོས།དབྱར་རྩྭ་དགུན་འབུ་བརྐོ་མཁན་དང་ལམ་འགྲོ་བའི་ཉིན་རྒྱུན་གྱི་དོ་དམ་ལ་ཤུགས་བསྣན་ནས།མི་ཚོགས་རང་བཞིན་གྱི་དོན་རྐྱེན་འབྱུར་བར་སྔོན་འགོག་ནན་མོ་དང་།སྤྱི་ཚོགས་བརྟན་འཇགས་ཡོང་བར་དོན་དམ་དུ་སྲུང་སྐྱོང་བྱེད་དགོས།

«བསམ་འཆར»གྱི་ཁག་གསུམ་པ་ནི་དབྱར་རྩྭ་དགུན་འབུ་ཚོང་རའི་དོ་དམ་ཚད་ལྡན་དུ་གཏོང་བའི་ནང་དོན་སྐོར་ལ་དོན་ཚན་བཅུ་ནས་བཅུ་གཅིག་བར་ཏེ་སྤྱི་བསྡོམས་པས་བསམ་འཆར་གཉིས་བཏོན་ཡོད།

དོན་ཚན་བཅུ་བའི་བསམ་འཆར་ནང་བསྟན་དོན།ཉོ་ཚོང་བྱ་སྤྱོད་ཚད་ལྡན་ཡིན་པ།ཞིང་ཆེན་བཟོ་ཚོང་སྡེ་ཁག་གིས་སྣེ་ཁྲིད་དེ«མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཉོ་ཚོང་དོ་དམ་བྱེད་ཐབས»ཞེས་པ་གཏན་ལ་འབེབས་རྒྱུ་མ་ཟད།འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ཞིབ་འཇུག་བྱས་ཏེ་ཕྱིར་འཚོང་སོགས་ལ་འབྲེལ་བ་ཡོད་པའི་ཁྲིམས་སྲོལ་དང་སྒྲིག་ལམ་གཏན་ཁེལ་བྱས་ཏེ།དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཉོ་འཚོང་སྒྲིག་སྲོལ་སྲུང་སྐྱོང་བྱ་དགོས།དབྱར་རྩྭ་དགུན་འབུའི་ཉོ་འཚོང་དོ་དམ་སོགས་ཕྱོགས་ཀྱི་ལམ་ལུགས་ཁྲིམས་ལྟར་ལག་བསྟར་ནན་མོ་བྱས་ཏེ།ཁྲོམ་རའི་ཚོང་ཉོ་འཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།ཁྲོམ་རའི་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས།

དོན་ཚན་བཅུ་གཅིག་པའི་བསམ་འཆར་ནང་བསྟན་དོན།ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་པ།རིམ་པ་ཁག་གི་སྤུས་ཚད་ལྟ་རྟོག་དང་ཚོང་དོན།བཟོ་ཚོང་སྡེ་ཁག་གིས་དབྱར་རྩྭ་དགུན་འབུ་ཐོན་སྐྱེད་དང་བདག་གཉེར་ལས་ཁུངས་ཡིད་རྟོན་ཡིག་ཚགས་འཛུགས་པ་དང་།ཉོ་འདྲེན་ཚོང་ཟོང་གི་ཞིབ་བཤེར་ཚད་ལེན་དང་ཉོ་འཚོང་རྩིས་ཐོ།དམ་བཅའ་བའི་ལམ་ལུགས་དངོས་འབེབས་བྱེད་དགོས།དབྱར་རྩྭ་དགུན་འབུ་རྫུན་བཟོ་དང་ཁྲིམས་འགལ་སྒྲིག་འགལ་གྱི་ཕྱིར་འཚོང་བྱ་སྤྱོད་ལ་ཆམ་ཕབ་དྲག་པོ་བཏང་ནས།ས་ཁོངས་ཀྱི་ཆེད་ལས་ཉོ་འཚོང་ཁྲོམ་ར་མྱུར་དུ་འཛུགས་རྒྱུ་དང་ཚད་ལྡན་གྱིས་དོ་དམ་བྱེད་པར་མྱུར་དུ་ཡར་སྐུལ་གཏོང་དགོས།ཁྲོམ་རའི་སྐོར་ཞིབ་དང་ལྟ་རྟོག་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས།ཁྲོམ་རའི་ཉོ་གཉེར་སྒྲིག་སྲོལ་ངེས་པ་དོན་གྱིས་ཚད་ལྡན་དུ་གཏོང་བ་དང་།ཁྲོམ་རའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས།དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཉོ་འཚོང་གཏུག་བཤེར་དང་ཞུ་གཏུག་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་བཏང་ནས།འཛད་སྤྱོད་མཁན་དང་བདག་གཉེར་མཁན་ལ་ཁེ་དབང་སྲུང་སྐྱོང་བྱེད་པའི་སྟབས་བདེ་ཞབས་ཕྱི་འདོན་སྤྲོད་རྒྱུ་དང་།དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།བྱེད་སྒོའི་རང་གཅུན་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་།ཡིད་སྟོན་ཁྲིམས་སྲུང་དང་ཡ་རབ་ཉོ་གཉེར་ལ་ཡར་སྐུལ་གཏོང་དགོས།

«བསམ་འཆར»གྱི་ཁག་བཞི་བ་ནི་དངོས་འབེབས་འགན་སྲུང་བྱེད་པའི་བྱེད་ཐབས་སྐོར་གྱི་ནང་དོན་ལ་སྤྱི་བསྡོམས་པས་དོན་ཚན་བཅུ་གཉིས་ནས་དོན་ཚན་བཅོ་ལྔའི་བར་ཏེ་བསམ་འཆར་བཞི་བཏོན་ཡོད།

དོན་ཚན་བཅུ་གཉིས་པའི་བསམ་འཆར་ནང་བསྟན་དོན།རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣོན་པ།ཞིང་ཆེན་ཞིང་ཕྱུགས་ཐིན་ནི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་གྱི་གཙོ་བདག་སྡེ་ཁག་ཡིན་པས།མཛུབ་སྟོན་དང་ལྟ་རྟོགབརྟག་དཔྱད།མཐུན་སྦྱོར་སོགས་བྱ་བ་ལེགས་པོར་བསྒྲུབ་པར་འགན་ཁུར་དགོས།ས་གནས་ཁག་ཏུ་དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་དང་དོ་དམ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།དུས་བཅད་ལྟར་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ།ཐོན་ལས་འཕེལ་རྒྱས།ཁྲོམ་རའི་ཉོ་འཚོང་སོགས་ཕྱོགས་ཀྱི་གནད་དོན་འགངས་ཆེན་དུས་བཅད་ལྟར་ཞིབ་འཇུག་ཐག་བྱེད་པ་དང་།བྱ་བའི་འགན་འཁྲུ་གསལ་བོ་བྱེད་པ་དང་།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་དོ་དམ་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།ཐོན་ཁུལ་རིམ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་འགན་འཁྲུའི་དཔྱད་ཞིབ་ལམ་ལུགས་བཙུགས་ཏེ།དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱ་བ་དེ་མགོ་ཁྲིད་ཚན་ཁག་ལོ་རེའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ནང་དོན་གྲས་སུ་བཀོད་དེ།དམིགས་འབེན་དང་འགན་འཁྲི་གསལ་བོ་བྱེད་པ་དང་།རིམ་པ་བཞིན་དུ་སྲུང་སྐྱོབ་དང་དོ་དམ་འགན་འཁྲིའི་ཡི་གེ་འགོད་དགོས།གཞི་རིམ་ལས་བྱེད་པའི་དོ་དམ་ལ་ཤུགས་བསྣན་ནས།ལས་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།ལས་བྱེད་པ་དང་ལས་བཟོ་བ་ཁྲིམས་འགལ་ལུགས་འགལ་གྱིས་དབྱར་རྩྭ་དགུན་འབུ་ཕྱོགས་ཀྱི་རྩོད་གླེང་གི་གྲས་སུ་ཞུགས་མི་རུང་།

དོན་ཚན་བཅུ་གསུམ་པའི་བསམ་འཆར་ནང་བསྟན་དོན།མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པ།དབྱར་རྩྭ་དགུན་འབུ་ཐོན་སའི་རིམ་པ་ཁག་གི་སྲིད་གཞུང་གིས་མཐའ་འཁོར་ས་ཁུལ་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།འབྲེལ་ཡོད་ས་ཁུལ་བར་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་པ་དང་།དུས་བཅད་ལྟར་ཚོགས་འདུ་བསྡུ་བ་དང་།གྲོས་མཐུན་འགོད་པ།སྤྱི་སྒྲོག་སྤེལ་པ།མཉམ་འབྲེལ་ཁྲིམས་འཛིན་སོགས་ཀྱི་ཚུལ་དུ།ས་ཁོངས་བར་ཆ་འཕྲིན་སྒྲོག་པར་ཤུགས་སྣོན་དང་།འཕྲད་པའི་གནད་དོན་ལ་མཉམ་དུ་ཞིབ་འཇུག་དང་དེ་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་བཞི་བའི་བསམ་འཆར་ནང་བསྟན་དོན།འགན་འཁྲི་རྩད་གཅོད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ།ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་ལས་བགོ་དང་ལོ་རེའི་བྱ་བའི་དམིགས་འབེན་འགྲན་འཁྲིའི་ཡི་གེའི་བླང་བྱ་ལྟར།ལས་འགན་དངོས་འབེབས་དང་དོ་དམ་ལ་ཤུགས་བསྣོན་དགོས།གྲོང་ཁྱེར་དང་ཁུལ་དེའི་ཁོངས་གཏོགས་རྫོང་དང་རྫོང་ནང་ཁུལ་ཞང་དང་གྲོང་བརྡལ་སོ་སོའི་བར་བྱུང་བའི་དབྱར་རྩྭ་དགུན་འབུ་བརྐོ་བའི་རྩོད་གཞི་དང་མི་ཚོགས་འདུ་བ་སོགས་ཀྱི་དོན་རྐྱེན་དེ་ས་དེའི་སྲིང་གཞུང་གིས་ཡོངས་སུ་འགན་ཁུར་ནས་ཐག་གཅོད་བྱ་དགོས།གནད་དོན་ཚབས་ཆེན་འབྱུང་བའམ།སྒོས་སུ་རྣམ་པ་ཆེ་བའི་མི་ཚོགས་འདུ་བའི་དོན་རྐྱེན་དང་ཁྲག་བཞུར་དོན་རྐྱེན།བདེ་འཇགས་གྱོད་དོན་དང་དཔལ་འབྱོར་རྩོད་གཞི་ཆེན་པོ་བྱུང་ན།སུས་དོ་དམ་བྱེད་ན།དེས་འགན་ཁུར་བའི་རྩ་དོན་ལྟར།འགན་ཁུར་པ་གཙོ་བོ་དང་ཐད་གར་དུ་འགན་ཁུར་གྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།མི་ལ་ཤི་རྨས་བཟོས་ཚེ།ལས་བྱེད་པའི་དོ་དམ་དབང་ཆའི་ཚད་གཞི་དང་ལས་འགན་བགོས་པའི་ཁྱབ་ཆེ་ཆུང་དང་།དོན་རྐྱེན་གྱི་ཚབ་ཆེ་ཆུང་ལ་བལྟས་ནས།མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་པའི་འབྲེལ་ཡོད་དོ་དམ་གཏན་འཁེལ་ལྟར་ཐག་གཅོད་རྒྱུ་དང་།ཁྲིམས་དང་འགལ་ན།ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་དགོས།

དོན་ཚན་བཅོ་ལྔ་བའི་བསམ་འཆར་ནང་བསྟན་དོན།དྲིལ་སྒྲོག་དང་སློབ་གསོ་གཏོང་ཤུགས་ཇེ་ཆེར་གཏོང་བ།དབྱར་རྩྭ་དགུན་འབུ་ཐོན་སའི་རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྨྱན་བྱད་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ།དབྱར་རྩྭ་དགུན་འབུ་བརྐོ་བའི་དོ་དམ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ཀྱི་དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་སྣོན་དང་།གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་བསྐྲུན་དགོས།ཐབས་ལམ་སྣ་ཚོགས་བརྒྱུད་པ་དང་སྒྲུབ་སྟངས་མང་པོ་སྤྱད་དེ།ཁྲིམས་ལུགས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།དབྱར་རྩྭ་དགུན་འབུ་བརྐོ་མཁན་གྱི་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།རྒྱ་ཆེའི་རོང་འབྲོག་པས་དོགས་ཟོན་རང་བཞིན་དང་དབྱེ་འབྱེད་ཀྱི་ནུས་ཇེ་མཐོར་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།དབྱར་རྩྭ་དགུན་འབུའི་ཉོ་འཚོང་གི་ཕྱོགས་ནས་མགོ་གཡོག་མགོ་སྐོར་ཐེབས་པར་གཟབ་གཟབ་བྱ་དགོས།

གོང་མ།:གཉེན་འཐོར་དཔང་ཡིག་མ་བླངས་པར་ཡང་བསྐྱར་གཉེན་སྒྲིག་བྱས་ཆོག་གམ།

ཞོལ་མ།:མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་ཁོལ་མར་ཕྱུང་བའི་མི་རིགས་སྐད་ཡིག་སྐོར།