གྱོད་དཔེ།
རབ་བརྟན་ནི་བྲག་དཀར་རྫོང་ཉིན་ལུང་སྡེ་བའི་ཧྲུའུ་ཅི་ཡིན་ལ།ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་བཟང་བ་དང་ལོ་རེར་དབྱར་རྩྭ་དགུན་འབུ་འཐུ་སྐབས་གཞན་ལ་རྩྭ་ས་གླས་ཏེ།རྩྭ་སའི་རིན་གོང་ལ་ལོ་རེར་སྒོར་ཁྲི་བརྒྱ་ལྷག་ཡོད་པས་བཟའ་ཚང་གང་བོ་རྫོང་མཁར་དུ་ཡོང་ནས་རྒྱལ་ཁབ་ཀྱི་ལས་བྱེད་འདུག་འདུག་བྱེད་ཀྱིན་ཡོད་པས་སྡེ་བའི་མི་ཚོགས་ཀུན་གྱིས་ཡིད་སྨོན་བྱེད་ཀྱིན་ཡོད།ཡིན་ནའང་།ན་ནིང་ལོ་ནས་བཟུང་།ཁོ་རང་རྒྱུན་དུ་ཟི་ལིང་དང་ཆབ་ཆ་ལ་སོགས་པའི་ས་ཁུལ་གཞན་དག་ལ་ཉུལ་རྒྱུ་དགའ་ཞིང་།ཕ་ཡུལ་རེབ་གོང་ཡིན་ཟེར་བུ་མོ་ཆུང་ཆུང་ཞིག་ལ་ཁ་འཕྲད་ནས་བཟུང་།ཁོ་བཟའ་ཟླ་གཉིས་ཀྱི་བརྩེ་དུང་གི་དར་སྐུད་ཕྲ་མོར་ཆག་གྲུམ་ཤོར་ཏེ་རྒྱུན་དུ་བཟའ་འཁོན་བྱེད་པ་ན་སྐྱིད་པའི་གཡང་ཁྱིམ་གྲུ་བཞི་ཁ་འཛིང་དང་འཁོན་འཛིན་གྱིས་ཁེངས།ཁོ་བཟའ་ཟླ་གཉིས་ལ་བྱིས་པ་གཉིས་ཡོད་དེ་རྒས་འཁོགས་རྒན་རྒོན་ཅི་ཡང་གསོ་རྒྱུ་མེད།གོ་ཐོས་ལྟར་ན་རབ་བརྟན་གྱིས་གནའ་མཁར་ཟི་ལིང་ནས་ཁང་བ་གསར་བ་ཞིག་ཉོས་ཏེ་བུ་མོ་ཆུང་ཆུང་དེ་དང་མཉམ་སྡོད་བྱས་ཡོད་ཟེར།མི་ལ་ལས་བཤད་ན་བུ་མོ་ཆུང་ཆུང་དེ་ཁོའི་ཆུང་མ་ཡིན་པར་གྲགས་ལ་གཉེན་སྒྲིག་ཡི་གེ་ད་དུང་བླངས་མེད་ཟེར།
ཁྲིམས་བཤད།
བཟའ་ཚང་གི་འབྲེལ་བ་མ་ཆད་པའི་སྔོན་དུ།ཕོ་མོ་སུ་ཡིན་རུང་གཞན་ནས་དགའ་རོགས་བཙལ་ན་མི་ཆོག་སྟེ།བཟའ་ཟླ་ཡོད་བཞིན་དུ་ཕྱི་ནས་དགའ་རོགས་བཙལ་བ་ནི།མིའི་རིགས་ཀྱི་བསམ་བློའི་ཀུན་སྤྱོད་དམའ་བ་དང་།གཉེན་སྒྲིག་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ཅིག་རེད།བྱ་སྤྱོད་འདིའི་རིགས་ཀྱིས་ཁྲིམས་མཐུན་གཉེན་སྒྲིག་འབྲེལ་བར་གཏོར་བརླག་བྱེད་པར་མ་ཟད།སྤྱི་ཚོགས་ལབ་གླེང་ཁྲོད་དུའང་ཁ་རྡུང་གཏོང་དགོས་པ་ཞིག་ཡིན།
གོང་གི་གྱོད་དོན་འདིར་མཚོན་ན།བཟའ་ཟླ་ཡོད་བཞིན་དུ་མི་གཞན་དང་མཉམ་འདུག་བྱས་པའི་ནག་ཉེས་བསགས་ཡོད་ལ།དེ་ལ་ཆུང་མ་གཉིས་པ་གསོ་བ་ཡང་ཟེར།ཆུང་མ་གཉིས་པ་གསོ་བ་ཞེས་པ་ནི་བཟའ་ཟླ་ཡོད་པའི་སྐྱེས་པས་རྒྱུ་ནོར་ཁེ་བཟང་ལ་བརྟེན་ནས་དུས་ཡུན་རིང་བོར་བུད་མེད་གཞན་དང་ཕོ་མོའི་འབྲེལ་བ་འཛིན་པའི་བྱ་སྤྱོད་ཅིག་སྟེ།གཙོ་བོར་གཤམ་གསལ་གྱི་རྣམ་པ་འགའ་ཡོད།༡ཁང་བ་དང་རླངས་འཁོར།འཚོ་བའི་མཁོ་ཆས་སོགས་སྤྲད་ནས་ཕྱི་རོལ་ཏུ་ཆུང་མ་གཉིས་པ་གསོ་བ་་དང་།༢ལ་ལས་སྨད་འཚོང་མ་ལྐོག་གསོ་བྱེད་པ།༣ལ་ལས་དྲུང་ཡིག་དང་།ཁྱིམ་ལས་མཁན།མིང་སྲིང་སོགས་ཡིན་པར་ཁ་གཡར་ཏེ་དུས་ཡུན་རིང་བོར་ལོག་གཡེམ་འབྲེལ་བ་འཛིན་པ།༤ལ་ལ་མངོན་སུམ་དུ་ཆེན་ཆུན་གྱི་རྣམ་པ་ཐོག་ནས་མཉམ་གཅིག་ཏུ་འཚོ་བ་རོལ་བ་སོགས་ཡིན།《གཉེན་སྒྲིག་བཅའ་ཁྲིམས》གསར་བའི་ནང་ཆུང་མ་གཉིས་པ་གསོ་བ་ཞེས་བཀོད་མེད་ལ།ཆུང་མ་གཉིས་པ་གསོ་བ་ཞེས་པ་ནི་བཅའ་ཁྲིམས་ཀྱི་ཐ་སྙད་ཅིག་མ་རེད།ཆུང་མ་གཉིས་པ་གསོ་བ་ཞེས་པ་ནི་རྙོག་འཛིང་ཅན་ཞིག་ཡིན་ཏེ།ལ་ལ་ནི་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་ཡིན་ཏེ།ལ་ལ་ཁྲིམས་འགལ་གྱི་ལྐོག་མཐུན་མཉམ་སྡོད་བྱེད་པ་ཡིན།བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་ཁྱོ་ཤུག་གི་མིང་ཐོག་ནས་མཉམ་གཅིག་ཏུ་ལྐོག་ཉལ་བྱེད་པའི་ཕྱི་ཚུལ་གྱི་པ་ཡོད་དགོས་ཏེ།དཔེར་ན་ཁྱོ་ཤུག་གི་མིང་ཐོག་ནས་ཐེམ་ཐོ་འགོད་པ་དང་།ཁང་བ་ཉོ་བ།གཉེན་སྟོན་འཚོགས་པ་སོགས་ཡིན།ཕྱི་ལ་ཁྱོ་ཤུག་གི་མིང་མི་འཛིན་པ་ནི་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་མིན།
ཁྲིམས་ལུགས་ཚགས་པར་ལས་བཏུས།