སྲིད་ཇུས་ཁྲིམས་སྲོལ།
 

རིན་གོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2013-01-08  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ།

(1997 ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པའི་ཐོག་གྲོས་འཆམ་བྱུང་ཞིང་། 1997 ལོའི་ཟླ12ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང་གོ་གཉིས་པའི་ཐོག་སྤྱི་བསྒྲགས་བྱས་པ་དང་། 1998ལོའི་ཟླ5ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས།

དཀར་ཆག

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ། གཉེར་སྐྱོང་བྱེད་མཁན་གྱི་རིན་གོང་སྐོར་གྱི་སྤྱོད་ཚུལ།

ལེའུ་གསུམ་པ། སྲིད་གཞུང་གི་རིན་གོང་གཏན་འབེབས་བྱ་སྤྱོད་སྐོར།

ལེའུ་བཞི་བ། རིན་གོང་གི་སྤྱིའི་ཆུ་ཚད་སྙོམས་སྒྲིག་སྟངས་འཛིན་བྱེད་ཕྱོགས་སྐོར།

ལེའུ་ལྔ་བ། རིན་གོང་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ།རིན་གོང་སྐོར་གྱི་བྱ་བ་ཚད་ལྡན་དུ་འགྱུར་བ་དང་། རིན་གོང་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱེད་པའི་ནུས་པ་འདོན་སྤེལ། ཚོང་རའི་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོ་ཡོང་བ། འཛད་སྤྱོད་བྱེད་མཁན་དང་ཚོང་གཉེར་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་བྱུང་བའི་རིན་གོང་སྐོར་གྱི་བྱ་བ་མཐའ་དག་ལ་བཅའ་ཁྲིམས་འདི་སྤྱད་འཐུས།

བཅའ་ཁྲིམས་འདིའི་ནང་བཤད་པའི་རིན་གོང་གི་ནང་དུ་ཚོང་ཟོག་གི་རིན་གོང་དང་ཞབས་ཞུ་བྱ་བའི་རིན་གོང་ཚུད་ཡོད།

ཚོང་ཟོག་གི་རིན་གོང་ནི་གཟུགས་ལྡན་ཐོན་རྫས་དང་གཟུགས་མེད་རྒྱུ་ནོར་སྣ་ཚོགས་ཀྱི་རིན་གོང་ལ་ཟེར།

ཞབས་ཞུ་བྱ་བའི་རིན་གོང་ནི་རིན་དོད་ཡོད་པའི་ཞབས་འདེགས་སྣ་ཚོགས་ཞུས་ནས་དངུལ་ལེན་རྒྱུར་ཟེར།

དོན་ཚན་གསུམ་པ།རྒྱལ་ཁབ་ཀྱིས་སྤྱི་ཁོག་དཔལ་འབྱོར་ནས་སྙོམས་སྒྲིག་སྟངས་འཛིན་བྱེད་པའི་འོག་གཙོ་བོར་ཚོང་ར་ལས་རིན་གོང་འགྲུབ་པའི་ནང་རྐྱེན་ལག་བསྟར་དང་སྦྲགས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིན་གོང་་གཏན་འབེབས་བྱེད་པར་རིན་ཐང་གི་ཆོས་ཉིད་དང་མཐུན་དགོས་ཤིང་། ཚོང་ཟོག་དང་ཞབས་ཞུ་བྱ་བའི་རིན་གོང་མང་ཆེ་བར་ཚོང་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱ་རྒྱུ་དང་། ཚོང་ཟོག་དང་ཞབས་ཞུ་བྱ་བའི་རིན་གོང་མང་ཆེ་བར་ཚོང་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱ་རྒྱུ་དང་། ཚོང་ཟོག་དང་ཞབས་ཞུ་བྱ་བའི་རིན་གོང་ཆེས་ཉུང་ཤས་ལ་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་རམ་སྲིད་གཞུང་ནས་རིན་གོང་གཏན་ལ་འབེབས་རྒྱུ།

ཚོང་རའི་སྙོམས་སྒྲིག་རིན་གོང་ནི་གཉེར་སྐྱོང་བྱེད་མཁན་གྱིས་རང་ཐག་རང་བཅད་ཀྱིས་གཏན་འབེབས་བྱས་ཤིང་། ཚོང་རར་འགྲན་རྩོད་བྱེད་པར་བརྟེན་ནས་བྱུང་བའི་རིན་གོང་ལ་ཟེར།

བཅའ་ཁྲིམས་འདིའི་ནང་གི་གཉེར་སྐྱོང་བྱེད་མཁན་ཞེས་པ་ནི་ཚོང་ཟོག་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཁན་ནམ་རིན་དོད་ཡོད་པའི་ཞབས་འདེགས་ཞུ་མཁན་ཁྲིམས་མི་དང་། རྩ་འཛུགས་དང་སྐྱེ་བོ་གཞན་དག་བཅས་ལ་ཟེར།

སྲིད་གཞུང་གི་མཛུབ་སྟོན་རིན་གོང་ཞེས་པ་ནི་བཅའ་ཁྲིམས་འདིའི་གཏན་འབེབས་གཞིར་བཟུང་སྟེ་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གམ་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རིན་གོང་གཏན་འབེབས་དབང་ཚད་དང་ཁྱབ་ཁོངས་ལྟར་གཞིར་འཛིན་རྒྱུའི་རིན་གོང་དང་འཕར་ཆག་གི་ཚད་གཞི་གཏན་ལ་ཕབ་ནས་གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་གཏན་འབེབས་བྱེད་པར་མཛུབ་སྟོན་བྱ་རྒྱུར་ཟེར།

སྲིད་གཞུང་ནས་རིན་གོང་གཏན་འབེབས་བྱ་རྒྱུ་ཞེས་པ་ནི་བཅའ་ཁྲིམས་འདིའི་གཏན་འབེབས་གཞིར་བཟུང་ནས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གམ་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རིན་གོང་གཏན་འབེབས་དབང་ཚད་དང་ཁྱབ་ཁོངས་ལྟར་རིན་གོང་གཏན་འབེབས་བྱ་རྒྱུར་ཟེར།

དོན་ཚན་བཞི་བ།རྒྱབ་ཁབ་ནས་དྲང་གཞག་དང་། མངོན་གསལ། ཁྲིམས་མཐུན་བཅས་ཀྱི་སྒོ་ནས་ཚོང་རའི་འགྲན་རྩོད་བྱ་བར་རྒྱབ་སྐྱོར་དང་སྐུལ་འདེད་དང་། རྒྱུན་ལྡན་གྱི་རིན་གོང་སྒྲིག་ལམ་སྲུང་སྐྱོང་། རིན་གོང་སྐོར་གྱི་ལས་སྒོ་སྤེལ་བར་དོ་དམ་དང་། ལྟ་སྐུལ། སྙོམས་སྒྲིག་སྟངས་འཛིན་དགོས་ངེས་བཅས་བྱ་རྒྱུ།

དོན་ཚན་ལྔ་བ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རིན་གོང་སྐོར་གྱི་ལས་དོན་གྱི་འགན་གཅིག་གྱུར་གྱིས་འཁུར་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་སོ་སོའི་འགན་འཁྲིའི་སྒྲུབ་ཁོངས་སུ་འབྲེལ་ཡོད་རིན་གོང་སྐོར་གྱི་ལས་དོན་གྱི་འགན་འཁུར་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་སོ་སོའི་སྲིད་འཛིན་ས་ཁོངས་ནང་གི་རིན་གོང་སྐོར་གྱི་ལས་དོན་གྱི་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་སོ་སོའི་འགན་འཁྲིའི་སྒྲུབ་ཁོངས་སུ་འབྲེལ་ཡོད་རིན་གོང་སྐོར་གྱི་ལས་དོན་གྱི་འགན་འཁུར་རྒྱུ།

ལེའུ་གཉིས་པ། གཉེར་སྐྱོང་བྱེད་མཁན་གྱི་རིན་གོང་སྐོར་གྱི་སྤྱོད་ཚུལ།

དོན་ཚན་དྲུག་པ།ཟོག་གོང་དང་ཞབས་ཞུའི་རིན་གོང་ནི་བཅའ་ཁྲིམས་འདིར་གསལ་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལྟར་སྲིད་གཞུང་གི་མཛུབ་སྟོན་རིན་གོང་སྤྱད་འཐུས་པའམ་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱ་རྒྱུ་ཕུད། དེ་བྱིངས་ཚོང་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱ་རྒྱུ་དང་། གཉེར་སྐྱོང་བྱེད་མཁན་གྱིས་བཅའ་ཁྲིམས་འདིར་གཞིགས་ཏེ་རང་ཐག་རང་བཅད་ཀྱིས་གཏན་འབེབས་བྱ་རྒྱུ།

དོན་ཚན་བདུན་པ།གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་གཏན་འབེབས་བྱེད་པར་དྲང་གཞག་དང་། ཁྲིམས་མཐུན། ཁ་བཤད་དོན་ལ་གནས་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱ་དགོས།

དོན་ཚན་བརྒྱད་པ།གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་གཏན་འབེབས་བྱ་རྒྱུའི་གཞི་འཛིན་ས་གཙོ་བོ་ནི་ཐོན་སྐྱེད་གཉེར་སྐྱོང་བྱ་རྒྱུའི་མ་གནས་དང་ཚོང་རའི་མཁོ་འདོན་གྱི་གནས་ཚུལ་ཡིན།

དོན་ཚན་དགུ་བ།གཉེར་སྐྱོང་བྱེད་མཁན་གྱིས་ཧུར་བརྩོན་ཆེན་པོས་ཐོན་སྐྱེད་གཉེར་སྐྱོང་དང་དོ་དམ་བྱེད་སྟངས་ལེགས་བཅོས་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་བྱ་རྒྱུའི་མ་གནས་གཅོག་ཐབས་བྱས་ཏེ་མཛད་སྤྱོད་བྱེད་མཁན་ལ་རིན་གོང་ལུགས་དང་མཐུན་པའི་ཚོང་ཟོག་དང་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་མ་ཟད། ཚོང་རའི་འགྲན་རྩོད་བྱེད་སྐབས་ཁྲིམས་མཐུན་གྱི་ཁེ་སྤོགས་འཐོབ་ཐབས་བྱ་དགོས།

དོན་ཚན་བཅུ་བ།གཉེར་སྐྱོང་བྱེད་མཁན་གྱིས་རང་གི་གཉེར་སྐྱོང་ཆ་རྐྱེན་ལ་གཞིགས་ཏེ་ནང་ཁུལ་གྱི་རིན་གོང་དོ་དམ་ལམ་ལུགས་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཚོང་ཟོག་ཐོན་སྐྱེད་དང་ཞབས་ཞུའི་བྱ་བ་གཉེར་རྒྱུའི་མ་གནས་ཐོ་འགོད་དང་ཞིབ་བཤེར་གཏན་འབེབས་འཕྱུགས་པ་མེད་པར་བྱ་དགོས་པ་ལས་མི་བདེན་རྫུན་སྒྲིག་བྱས་མི་ཆོག

དོན་ཚན་བཅུ་གཅིག་པ།གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་སྐོར་གྱི་བྱ་བ་སྒྲུབ་སྐབས་གཤམ་གསལ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ།

(གཅིག) རང་ཐག་རང་གཅོད་ཀྱི་སྒོ་ནས་ཚོང་ར་ནས་སྙོམས་སྒྲིག་བྱ་རྒྱུའི་ཁོངས་སུ་གཏོགས་པའི་རིན་གོང་གཏན་འབེབས་བྱ་རྒྱུ་དང་།

(གཉིས།) སྲིད་གཞུང་གི་མཛུབ་སྟོན་རིན་གོང་ནས་གཏན་ལ་ཕབ་པའི་མཚམས་ཚད་ལས་མི་བརྒལ་བར་རིན་གོང་གཏན་འབེབས་བྱ་རྒྱུ།

(གསུམ།) སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱ་རྒྱུའི་ཐོན་རྫས་ཀྱི་ཁོངས་སུ་ཚུད་པའི་ཐོན་རྫས་གསར་བའི་ཚོད་འཚོང་རིན་གོང་གཏན་འབེབས་བྱ་རྒྱུ། ཐོན་རྫས་དམིགས་གསལ་ཅན་ནི་དེའི་ཁོངས་སུ་མི་ཚུད་རྒྱུ།

(བཞི།) རང་གིས་ཁྲིམས་ལྟར་རང་ཐག་རང་བཅད་ཀྱིས་རིན་གོང་གཏན་འབེབས་བྱེད་པའི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱས་ཉེས་ཐེར་འདོན་དང་ཞུ་གཏུག་བྱ་རྒྱུ་བཅས་ཡིན།

དོན་ཚན་བཅུ་གཉིས་པ།གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་སྐོར་གྱི་བྱ་བ་སྒྲུབ་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། བཅའ་ཁྲིམས་ལྟར་གཏན་འབེབས་བྱས་པའི་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་། སྲིད་གཞུང་གི་གཏན་འཁེལ་རིན་གོང་། ཁྲིམས་སུ་བཀོད་པའི་རིན་གོང་ཐེ་ཇུས་བྱ་ཐབས་དང་འཕྲལ་མའི་བྱ་ཐབས་ལག་ལེན་བསྟར་དགོས།

དོན་ཚན་བཅུ་གསུམ་པ།གཉེར་སྐྱོང་བྱེད་མཁན་གྱིས་ཚོང་ཟོག་ཕྱིར་འཚོང་དང་ཉོ་སྒྲུབ་བྱེད་པ་དང་ཞབས་ཞུ་འདོན་སྤྲོད་བྱེད་སྐབས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་ལྟར་རིན་གོང་ཁ་གསལ་འགོད་དགོས་པ་དང་། ཚོང་ཟོག་གི་མིང་དང་། ཐོན་ས། ཚད་གཞི། རིམ་པ། རིན་གོང་གི་རྩིས་གཞི། རིན་གོང་བཅས་སམ་ཞབས་ཞུའི་རྣམ་གྲངས་དང་གླ་ཆའི་ཚད་གཞི་ལ་སོགས་པའི་འབྲེལ་ཡོད་གནས་ཚུལ་གསལ་པོར་འབྲི་དགོས།

གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་གསལ་འགོད་བྱས་པ་ཕུད་རིན་སྤར་གྱིས་ཚོང་ཟོག་ཕྱིར་འཚོང་བྱས་མི་ཆོག་པ་དང་། གསལ་འགོད་བྱས་མེད་པའི་གྲོན་དངུལ་གང་ཡང་བླངས་མི་ཆོག

དོན་ཚན་བཅུ་བཞི་བ།གཉེར་སྐྱོང་བྱེད་མཁན་གྱིས་གཤམ་གསལ་ཚུལ་དང་མི་མཐུན་པའི་རིན་གོང་སྐོར་གྱི་སྤྱོད་ཚུལ་སྤེལ་མི་ཆོག་པ་སྟེ།

(གཅིག) ཕན་ཚུན་ལྐོག་འབྲེལ་བྱས་ཏེ་ཚོང་རའི་རིན་གོང་ཁ་ལོ་བསྒྱུར་ནས་གཉེར་སྐྱོང་བྱེད་མཁན་ནམ་འཛད་སྤྱོད་བྱེད་མཁན་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་རིགས་དང་།

(གཉིས།) ཚོང་ཟོག་སོས་པ་དང་གསོན་པོ་དང་། དུས་ཚིགས་ཀྱི་རང་བཞིན་ལྡན་པའི་ཚོང་ཟོག བཀག་གསོག་ཚོང་ཟོག་སོགས་བཅའ་ཁྲིམས་ལྟར་གོང་བཅག་ནས་ཕྱིར་འཚོང་བ་ཕུད་འགྲན་ཡ་ཟུར་འབུད་དམ་ཚོང་ར་སྒེར་བཟུང་བྱེད་ཆེད་མ་གནས་ལས་དམའ་བའི་རིན་གོང་ཐོག་ནས་ཚོང་ཟོག་ཕམ་ཚོང་བརྒྱབ་སྟེ་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་སྒྲིག་ལམ་དཀྲུགས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ནམ་གཉེར་སྐྱོང་བྱེད་མཁན་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་རིགས།

(གསུམ།) གོང་སྤར་བའི་ཆ་འཕྲིན་རྫུན་བཟོ་དང་སྤེལ་ནས་ཟོག་གོང་ཧམ་སྤར་བྱས་ཏེ་ཟོག་གོང་སྤར་ཐལ་ཤོར་བར་ངན་སྐུལ་བྱས་པའི་རིགས།

(བཞི།) རིན་གོང་བྱ་ཐབས་རྫུན་མའམ་མི་རྣམས་གོ་ནོར་ཐེབས་པ་བཟོ་བའི་རིགས་སྤྱད་དེ་འཛད་སྤྱོད་བྱེད་མཁན་ནམ་གཉེར་སྐྱོང་བྱེད་མཁན་གཞན་དག་བསླུས་ནས་དེ་དང་ཉོ་ཚོང་བྱས་པའི་རིགས།

(ལྔ།) ཚོང་ཟོག་གམ་ཞབས་ཞུ་གཅིག་མཚུངས་འདོན་སྤྲོད་བྱས་ནས་ཉོ་ཚོང་གི་ཆ་རྐྱེན་འདྲ་མཚུངས་འཛོམས་པའི་གཉེར་སྐྱོང་བྱེད་མཁན་གཞན་དག་ལ་རིན་གོང་ཐོག་ནས་མཐོང་ཆུང་བྱས་པའི་རིགས།

(དྲུག) རིམ་པ་སྤར་བའམ་དམའ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚོང་ཟོག་ཉོ་སྒྲུབ་དང་ཕྱིར་ཚོང་ངམ་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ཐབས་ཚུལ་བསྒྱུར་ནས་རིན་གོང་སྤར་བའམ་གཅོག་པའི་རིགས།

(བདུན།) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་གཏན་འབེབས་དང་འགལ་ཏེ་ཚུལ་མིན་ཁེ་ཆེན་ཧམ་ལེན་བྱས་པའི་རིགས།

(བརྒྱད།) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཀག་སྡོམ་བྱེད་པའི་ཚུལ་དང་མི་མཐུན་པའི་རིན་གོང་སྐོར་གྱི་བྱ་བ་གཞན་དག་བཅས་སོ།།

དོན་ཚན་བཅོ་ལྔ་བ།མཚམས་སྦྱོར་ལས་ཁུངས་རིགས་ཁག་ནས་རིན་དོད་ཡོད་པའི་སྒོ་ནས་ཞབས་ཞུ་འདོན་སྤྲོད་བྱས་ཏེ་གྲོན་དངུལ་ལེན་རིགས་ཀྱིས་བཅའ་ཁྲིམས་འདིར་གསལ་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས། བཅའ་ཁྲིམས་ནང་གཏན་འབེབས་ལོགས་སུ་བྱས་ཡོད་རིགས་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་དྲུག་པ།གཉེར་སྐྱོང་བྱེད་མཁན་གྱིས་ནང་འདྲེན་ཚོང་ཟོག་འཚོང་བ་དང་ཕྱིར་གཏོང་ཚོང་ཟོག་ཉོ་སྒྲུབ་བྱེད་རིགས་ཀྱིས་ལེའུ་འདིའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱས་རྒྱལ་ནང་གི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས།

དོན་ཚན་བཅུ་བདུན་པ།ལས་རིགས་རྩ་འཛུགས་ཀྱིས་རིན་གོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དང་། རིན་གོང་ཐོག་ནས་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་ལས་ཀའི་ཐོག་ནས་མཛུབ་སྟོན་བྱེད་པ་དང་ལེན་བཅས་བྱ་དགོས།

ལེའུ་གསུམ་པ། སྲིད་གཞུང་གི་རིན་གོང་གཏན་འབེབས་བྱ་སྤྱོད་སྐོར།

དོན་ཚན་བཅོ་བརྒྱད་པ།དགོས་ངེས་ཀྱི་དུས་སུ་གཤམ་གསལ་གྱི་ཚོང་ཟོག་དང་ཞབས་ཞུའི་རིན་གོང་ལ་སྲིད་གཞུང་གིས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ངམ་སྲིད་གཞུང་གི་གཏན་འཁེལ་རིན་གོང་ལག་ལེན་བསྟར་ཆོག་པ་སྟེ།

(གཅིག) རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བ་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་གལ་ཆེན་ཡོད་པའི་ཚོང་ཟོག་ཉུང་ཤས་ཀྱིི་རིན་གོང་དང་།

(གཉིས།) ཐོན་ཁུངས་ཧ་ཅང་དཀོན་པའི་ཚོང་ཟོག་ཉུང་ཤས་ཀྱི་རིན་གོང་།

(གསུམ།) རང་ཤུགས་སུ་ཚོང་གཉེར་སྒེར་སྡེམ་བྱེད་པའི་ཚོང་ཟོག་གི་རིན་གོང་།

(བཞི།) སྤྱི་སྤྱོད་བྱ་གཞག་གལ་ཆེའི་རིགས་ཀྱི་རིན་གོང་།

(ལྔ།) སྤྱི་ཕན་གྱི་རང་བཞིན་ལྡན་པའི་ཞབས་ཞུའི་བྱ་བ་གལ་ཆེའི་རིགས་ཀྱི་རིན་གོང་བཅས་སོ།།

དོན་ཚན་བཅུ་དགུ་བ།སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གི་གོང་ཚད་གཏན་འབེབས་བྱེད་པའི་དབང་མཚམས་དང་དེ་སྤྱད་འཐུས་ཀྱི་ཁོངས་མཚམས་ནི་ཀྲུང་དབྱང་དང་ས་གནས་ཀྱི་གཏན་འཁེལ་རིན་གོང་གི་དཀར་ཆག་གཞིར་འཛིན་རྒྱུ།

ཀྲུང་དབྱང་གི་གཏན་འཁེལ་རིན་གོང་གི་དཀར་ཆག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་ནས་གཏན་འབེབས་དང་བཟོ་བཅོས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་རྗེས་སྤྱི་བསྒྲགས་བྱ་རྒྱུ།

ས་གནས་ཀྱི་གཏན་འཁེལ་རིན་གོང་གི་དཀར་ཆག་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་ནས་ཀྲུང་དབྱང་གི་གཏན་འཁེལ་རིན་གོང་གི་དཀར་ཆག་ནང་གཏན་འབེབས་བྱས་པའི་རིན་གོང་གཏན་འབེབས་དབང་མཚམས་དང་སྤྱད་འཐུས་ཀྱི་ཁོངས་མཚམས་ལ་གཞིགས་ཏེ་གཏན་འབེབས་བྱེད་ཅིང་། རིམ་མཚུངས་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་ཏེ་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་ལ་སྙན་ཞུ་ཕུལ་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས་སྤྱི་བསྒྲགས་བྱ་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་མན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་གཏན་འཁེལ་རིན་གོང་གི་དཀར་ཆག་གཏན་འབེབས་བྱས་མི་ཆོག

དོན་ཚན་ཉི་ཤུ་བ།རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཀྲུང་དབྱང་གི་གཏན་འཁེལ་རིན་གོང་གི་དཀར་ཆག་ནང་གཏན་འབེབས་བྱས་པའི་རིན་གོང་གཏན་འབེབས་དབང་མཚམས་དང་དེ་སྤྱད་འཐུས་ཁོངས་མཚམས་གཞིར་བཟུང་ནས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱ་རྒྱུ་དང་། དེའི་ནང་ཚོང་ཟོག་དང་ཞབས་ཞུའི་བྱ་བ་གལ་ཆེའི་རིགས་ཀྱི་རིན་གོང་གི་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ས་གནས་ཀྱི་གཏན་འཁེལ་རིན་གོང་གི་དཀར་ཆག་ནང་གཏན་འབེབས་བྱས་པའི་རིན་གོང་གཏན་འབེབས་དབང་མཚམས་དང་དེ་སྤྱད་འཐུས་ཁོངས་མཚམས་གཞིར་བཟུང་སྟེ་ས་ཁུལ་དེ་གར་ལག་ལེན་དུ་བསྟར་རྒྱུའི་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱ་དགོས།

གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དབང་ཆ་བསྐུར་བ་ལྟར་ས་གནས་ཀྱི་གཏན་འཁེལ་རིན་གོང་གི་དཀར་ཆག་ནང་གཏན་འབེབས་བྱས་པའི་རིན་གོང་གཏན་འབེབས་དབང་མཚམས་དང་དེ་སྤྱད་འཐུས་ཁོངས་མཚམས་གཞིར་བཟུང་སྟེ་ས་ཁུལ་དེ་གར་ལག་ལེན་དུ་བསྟར་རྒྱུའི་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱས་ཆོག

དོན་ཚན་ཉེར་གཅིག་པ།སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱེད་པར་འབྲེལ་ཡོད་ཚོང་ཟོག་གམ་ཞབས་ཞུའི་བྱ་བའི་སྤྱི་ཚོགས་ཀྱི་ཆ་སྙོམས་མ་གནས་དང་ཚོང་རའི་སྤྲོད་མཁོ་གཉིས་ཀྱི་གནས་ཚུལ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོ། དེ་བཞིན་སྤྱི་ཚོགས་ཀྱི་ཐེག་ནུས་བཅས་ལ་གཞིགས་ཏེ་ལུགས་མཐུན་གྱི་ཉོ་ཚོང་རིན་ཁྱད་དང་། སྡེབ་འཚོང་དང་སིལ་འཚོང་གི་རིན་ཁྱད། ས་ཁུལ་བར་གྱི་རིན་ཁྱད། དུས་ཚིགས་མི་འདྲ་བའི་རིན་ཁྱད་བཅས་ལག་ལེན་དུ་བསྟར་དགོས།

དོན་ཚན་ཉེར་གཉིས་པ།སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱེད་པར་རིན་གོང་དང་མ་གནས་སྐོར་གྱི་བརྟག་དཔྱད་བྱ་བ་སྤེལ་ཏེ་འཛད་སྤྱོད་བྱེད་མཁན་དང་། གཉེར་སྐྱོང་བྱེད་མཁན། འབྲེལ་ཡོད་ཕྱོགས་བཅས་ཀྱི་བསམ་འཆར་ཉན་འཇོག་བྱ་དགོས།

སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱ་རྒྱུའི་རིན་གོང་དང་མ་གནས་སྐོར་བརྟག་དཔྱད་བྱེད་སྐབས་འབྲེལ་ཡོད་སྡེ་ཚན་གྱིས་གནས་ཚུལ་ཇི་མ་ཇི་བཞིན་ཞུ་དགོས་པ་དང་། དགོས་ངེས་ཀྱི་རྩིས་ཐོ་དང་། ཡིག་ཆ། དེ་བཞིན་དཔྱད་ཡིག་གཞན་དག་བཅས་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་གསུམ་པ།མང་ཚོགས་ཀྱི་བདེ་རྩར་ཐུག་པའི་སྤྱི་སྤྱོད་བྱ་བའི་རིན་གོང་དང་། སྤྱི་ཕན་རང་བཞིན་ལྡན་པའི་ཞབས་ཞུའི་བྱ་བའི་རིན་གོང་། རང་བྱུང་སྒེར་སྡེམ་ཚོང་གཉེར་བྱེད་པའི་ཟོག་གོང་ལ་སོགས་པའི་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱེད་པར་བདེན་དཔང་ཉན་འཇོག་ལམ་ལུགས་འཛུགས་དགོས་ཤིང་། སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་གཙོ་སྐྱོང་བྱས་ཏེ་འཛད་སྤྱོད་བྱེད་མཁན་དང་། གཉེར་སྐྱོང་བྱེད་མཁན། འབྲེལ་ཡོད་ཕྱོགས་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཐོག དེའི་དགོས་གལ་ཆེ་བའི་རང་བཞིན་དང་ལག་བསྟར་བྱས་འཐུས་པའི་རང་བཞིན་རིགས་པས་ཁུངས་སྐྱེལ་བྱ་དགོས།

དོན་ཚན་ཉེར་བཞི་བ།སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་གཏན་འབེབས་བྱས་རྗེས་རིན་གོང་གཏན་འབེབས་བྱེད་མཁན་སྡེ་ཁག་གིས་འཛད་སྤྱོད་པ་དང་གཉེར་སྐྱོང་བྱེད་མཁན་ལ་ཡོངས་བསྒྲགས་བྱ་རྒྱུ།

དོན་ཚན་ཉེར་ལྔ་བ།སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་། སྲིད་གཞུང་གི་གཏན་འཁེལ་རིན་གོང་སྤྱད་འཐུས་ཁོངས་མཚམས་དངོས་དང་གོང་ཚད་ནི་དཔལ་འབྱོར་གོང་དུ་འཕེལ་ཚུལ་ལ་གཞིགས་ཏེ་གཏན་ལ་ཕབ་པའི་རིན་གོང་གཏན་འབེབས་དབང་མཚམས་དང་གོ་རིམ་ལྟར་དུས་དང་བསྟུན་ཏེ་ལེགས་སྒྲིག་བྱ་དགོས།

འཛད་སྤྱོད་བྱེད་མཁན་དང་གཉེར་སྐྱོང་བྱེད་མཁན་གྱིས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་སྐོར་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན་ཆོག

ལེའུ་བཞི་བ། རིན་གོང་གི་སྤྱིའི་ཆུ་ཚད་སྙོམས་སྒྲིག་སྟངས་འཛིན་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་དྲུག་པ།ཚོང་རའི་རིན་གོང་གི་སྤྱིའི་ཆུ་ཚད་བརྟན་པོར་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་དམིགས་འབེན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ནས་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་ཐེག་ནུས་ལ་གཞིགས་ཏེ་ཚོང་རའི་རིན་གོང་གི་སྤྱིའི་ཆུ་ཚད་སྙོམས་སྒྲིག་སྟངས་འཛིན་བྱ་རྒྱུའི་དམིགས་འབེན་གཏན་འབེབས་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་འགོད་དགོས་པ་མ་ཟད། དངུལ་ལོར་དང་། ནོར་སྲིད། མ་དངུལ་འཇོག་ཕྱོགས། ཕྱིར་གཏོང་ནང་འདྲེན་ལ་སོགས་པའི་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་ཕྱོགས་བསྡུས་ཀྱིིས་བེད་སྤྱོད་བྱས་ཏེ་མངོན་དུ་འགྱུར་བ་བྱ་རྒྱུ།

དོན་ཚན་ཉེར་བདུན་པ།སྲིད་གཞུང་ནས་ཚོང་ཟོག་གལ་ཆེའི་རིགས་གྲབས་གསོག་ལམ་ལུགས་འཛུགས་པ་དང་། རིན་གོང་སྙོམས་སྒྲིག་ཐེབས་རྩ་བཙུགས་ཏེ་རིན་གོང་སྙོམས་སྒྲིག་སྟངས་འཛིན་དང་ཚོང་ར་བརྟན་པོ་ཡོང་བ་བྱས་ཆོག

དོན་ཚན་ཉེར་བརྒྱད་པ།རིན་གོང་སྙོམས་སྒྲིག་སྟངས་འཛིན་དང་དོ་དམ་བྱ་རྒྱུའི་དགོས་མཁོ་དང་བསྟུན་ཕྱིར་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་རིན་གོང་ལྟ་ཞིབ་ཚད་ལེན་ལམ་ལུགས་བཙུགས་ནས་ཚོང་ཟོག་དང་ཞབས་ཞུའི་བྱ་བ་གལ་ཆེའི་རིགས་ཀྱི་རིན་གོང་འགྱུར་ལྡོག་བྱུང་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་དགོས།

དོན་ཚན་ཉེར་དགུ་བ།འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེའི་རིགས་ཀྱི་ཚོང་རའི་ཉོ་སྒྲུབ་རིན་གོང་དམའ་དྲགས་པའི་སྐབས་སུ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་སྐབས་སྲུང་སྐྱོབ་རིན་གོང་ལག་ལེན་བསྟར་བ་མ་ཟད། འོས་བབ་ཀྱི་དཔལ་འབྱོར་བྱེད་ཐབས་ལག་ལེན་བསྟར་བར་བརྟེན་ནས་མངོན་དུ་འགྱུར་བར་ཁག་ཐེག་བྱས་ཆོག

དོན་ཚན་སུམ་ཅུ་བ།ཚོང་ཟོག་དང་ཞབས་ཞུའི་བྱ་བ་གལ་ཆེའི་རིགས་ཀྱི་རིན་གོང་མངོན་གསལ་འཕར་བའམ་མངོན་གསལ་འཕར་ཤས་ཆེ་བའི་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རིན་གོང་ཁ་ཤས་ལ་རིན་ཁྱད་ཀྱི་ཚད་དམ་ཁེ་སྤོགས་ཀྱི་ཚད་གཏན་འཁེལ་དང་། གོང་ཚད་གཏན་འཁེལ། གོང་སྤར་ཡིག་ཐོག་སྙན་འབུལ་ལམ་ལུགས་དང་གོང་སྤར་གཅོག་ཐོ་འགོད་སྙན་ཞུ་ལམ་ལུགས་ལག་བསྟར་ལ་སོགས་པའི་ཐེ་ཇུས་བྱ་ཐབས་ལག་ལེན་བྱས་ཆོག

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་ཐེ་ཇུས་བྱ་ཐབས་ལག་ལེན་བསྟར་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་སོ་གཅིག་པ།ཚོང་རའི་རིན་གོང་གི་སྤྱིའི་ཆུ་ཚད་འཕར་ཆག་ཆེན་པོ་བྱུང་བ་སོགས་འཆར་ཅན་མིན་པའི་གནས་ཚུལ་བྱུང་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཁྱོན་ནམ་ས་ཁོངས་ཆ་ཤས་ཀྱི་ཁྱོན་དུ་རིན་གོང་གཏན་འབེབས་དབང་མཚམས་གནས་སྐབས་གཅིག་བསྡུས་བྱ་རྒྱུ་དང་། རིན་གོང་ཆ་ཤས་སམ་སྒོ་ཀུན་ནས་བསྡམས་བཅད་བྱ་རྒྱུའི་འཕྲལ་མའི་བྱ་ཐབས་ལག་བསྟར་བྱས་ཆོག

དོན་ཚན་སོ་གཉིས་པ།བཅའ་ཁྲིམས་འདིར་གསལ་དོན་ཚན་སུམ་ཅུ་བ་དང་སོ་གཅིག་པའི་གཏན་འབེབས་ལྟར་ཐེ་ཇུས་བྱ་ཐབས་དང་འཕྲལ་མའི་བྱ་ཐབས་ལག་བསྟར་བྱ་དགོས་པའི་གནས་ཚུལ་མེད་པར་གྱུར་རྗེས་ཐེ་ཇུས་བྱ་ཐབས་དང་འཕྲལ་མའི་བྱ་ཐབས་དུས་ཐོག་ཏུ་ལག་བསྟར་བྱེད་མཚམས་འཇོག་དགོས།

ལེའུ་ལྔ་བ། རིན་གོང་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།

དོན་ཚན་སོ་གསུམ་པ།རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་ལྟར་རིན་གོང་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་མ་ཟད། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་རིན་གོང་ཐད་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།

དོན་ཚན་སོ་བཞི་བ།སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་རིན་གོང་ཐད་ཀྱི་ལྟ་སྐུལ་དང་ཞིབ་བཤེར་བྱ་བ་སྤེལ་སྐབས་གཤམ་གསལ་གྱི་འགན་དབང་སྤྱད་ཆོག་པ་སྟེ།

(གཅིག) དོ་བདག་གམ་འབྲེལ་ཡོད་མི་སྣར་འདྲི་རྩད་བྱས་ཆོག་པ་མ་ཟད། དེར་དཔང་ཡིག་དང་རིན་གོང་ཐད་ཁྲིམས་དང་འགལ་བའི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་དཔྱད་ཡིག་གཞན་དག་འདོན་སྤྲོད་བྱ་རྒྱུའི་བླང་བྱ་བཏོན་ཆོག་པ་དང་།

(གཉིས།) རིན་གོང་ཐད་ཁྲིམས་དང་འགལ་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་རྩིས་ཐོ་དང་། འཛིན་ཡིག དངོས་དཔང་། ཡིག་ཆ་བཅས་དང་དཔྱད་ཡིག་གཞན་དག་འདྲི་རྩད་དང་། འདྲ་བཟོ་བྱས་ཆོག་པ་དང་། རིན་གོང་ཐད་ཁྲིམས་དང་འགལ་བའི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་དངུལ་ཁང་གི་དཔྱད་ཡིག་ཞིབ་བསྡུར་བྱས་ཆོག་པ།

(གསུམ།) རིན་གོང་ཐད་ཁྲིམས་དང་འགལ་བའི་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་ནོར་རྫས་ཞིབ་བཤེར་བྱེད་སྐབས་དགོས་ངེས་བྱུང་ཚེ་དོ་བདག་ལ་དེ་འབྲེལ་གྱི་གཉེར་སྐྱོང་བྱ་བ་གནས་སྐབས་གཉེར་མཚམས་འཇོག་ཏུ་བཅུག་ཆོག

(བཞི།) དཔང་རྟགས་མེད་པར་འགྱུར་ཤས་ཆེ་བའམ་རྗེས་མ་ལག་ཏུ་འཐེབས་པར་བྱེད་དཀའ་བའི་གནས་ཚུལ་འོག་བཅའ་ཁྲིམས་ལྟར་སྔོན་ལ་ཐོ་འགོད་ཉར་ཚགས་བྱས་ཆོག་པ་ལས། དོ་བདག་གམ་འབྲེལ་ཡོད་མི་སྣས་གཞན་དུ་སྤོ་བ་དང་། སྦས་སྐུང་ངམ་མེད་པར་བཟོས་མི་ཆོག

དོན་ཚན་སོ་ལྔ་བ།གཉེར་སྐྱོང་བྱེད་མཁན་གྱིས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱེད་སྐབས་རིན་གོང་སྐོར་གྱི་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་དགོས་ངེས་ཡིན་པའི་རྩིས་ཐོ་དང་། འཛིན་ཡིག དངོས་དཔང་། ཡིག་ཆ་བཅས་དང་དཔྱད་ཡིག་གཞན་དག་ཇི་མ་ཇི་བཞིན་འདོན་སྤྲོད་བྱ་དགོས།

དོན་ཚན་སོ་དྲུག་པ།སྲིད་གཞུང་སྡེ་ཁག་གི་རིན་གོང་ལས་ཀ་སྒྲུབ་མཁན་མི་སྣས་བཅའ་ཁྲིམས་ལྟར་ཐོབ་པའི་དཔྱད་ཡིག་གམ་ཤེས་རྟོགས་བྱུང་བའི་གནས་ཚུལ་དག་ཁྲིམས་ལྟར་རིན་གོང་བྱ་བ་དོ་དམ་བྱེད་པ་ཕུད་པའི་དམིགས་ཡུལ་གཞན་དག་སྒྲུབ་པར་སྤྱད་མི་ཆོག་ལ། དོ་བདག་གི་ཚོང་ལས་ཀྱི་གསང་དོན་ཡང་ཕྱིར་བསྒྲགས་མི་ཆོག

དོན་ཚན་སོ་བདུན་པ།འཛད་སྤྱོད་པའི་རྩ་འཛུགས་དང་། ལས་བཟོ་བའི་རིན་གོང་ལྟ་སྐུལ་རྩ་འཛུགས། ཡུལ་མི་ཨུ་ཡོན་ལྷན་ཁང་། གྲོང་མི་ཨུ་ཡོན་ལྷན་ཁང་ལ་སོགས་པའི་རྩ་འཛུགས་དང་འཛད་སྤྱོད་པ་རྣམས་ལ་རིན་གོང་སྐོར་གྱི་བྱ་བ་བསྒྲུབས་ཚུལ་ལ་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་དབང་ཡོད་ཅིང་། སྲིད་གཞུང་གི་རིན་གོང་གཅོ་སྐྱོང་སྡེ་ཁག་གིས་རིན་གོང་བྱ་བར་ལྟ་སྐུལ་བྱེད་པའི་མང་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

གསར་འགྱུར་སྡེ་ཚན་ལ་རིན་གོང་བྱ་བར་གླེང་ཕྱོགས་ཐོག་ནས་ལྟ་སྐུལ་བྱེད་དབང་ཡོད།

དོན་ཚན་སོ་བརྒྱད་པ།སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་རིན་གོང་ཐད་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐེར་འདོན་བྱེད་པའི་ལམ་ལུགས་འཛུགས་དགོས།

སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་རིན་གོང་ཐད་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཡོད། སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་ཐེར་འདོན་བྱེད་མཁན་ལ་བསྔགས་སྐུལ་བྱ་དགོས་པ་མ་ཟད། ཐེར་འདོན་བྱེད་མཁན་གསང་བ་བྱེད་འགན་ཡང་འཁུར་དགོས།

ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་སོ་དགུ་བ།གཉེར་སྐྱོང་བྱེད་མཁན་གྱིས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་། སྲིད་གཞུང་གི་གཏན་འཁེལ་རིན་གོང་། དེ་བཞིན་ཁྲིམས་སུ་བཀོད་པའི་རིན་གོང་བྱ་བར་ཐེ་ཇུས་བྱ་ཐབས་དང་འཕྲལ་མའི་བྱ་ཐབས་ལག་བསྟར་མ་བྱས་ན་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་ཁྲིམས་འགལ་ཐོབ་ཆའི་ལྡབ་ལྔ་མན་ཆད་ཀྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཁྲིམས་འགལ་ཐོབ་ཆ་མེད་རིགས་ལ་དངུལ་ཆད་བཅད་ཆོག་པ་དང་། བྱས་ཉེས་ཚབས་ཆེ་བ་ཡིན་རིགས་ལ་གཉེར་སྐྱོང་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུ།

དོན་ཚན་བཞི་བཅུ་བ།གཉེར་སྐྱོང་བྱེད་མཁན་ལ་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་བའི་ནང་འཁོད་པའི་བྱ་སྤྱོད་ལས་རིགས་གཅིག་བྱུང་བའི་ཚེ་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་ཁྲིམས་འགལ་ཐོབ་ཆའི་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག ཁྲིམས་འགལ་ཐོབ་ཆ་མེད་རིགས་ལ་ཐ་ཚིག་བསྒྲག་རྒྱུ་དང་འབྲེལ་དངུལ་ཆད་ཆབས་སྦྲགས་སུ་བཅད་ཀྱང་ཆོག བྱས་ཉེས་ཚབས་ཆེའི་རིགས་ལ་གཉེར་སྐྱོང་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་རྒྱུ། འབྲེལ་ཡོད་བཅའ་ཁྲིམས་ནང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་བར་འཁོད་པའི་བྱ་སྤྱོད་ལ་ཆད་པ་གཅོད་རྒྱུ་དང་ཆད་གཅོད་ལས་ཁུངས་ཀྱིས་གཏན་འབེབས་ལོགས་སུ་བྱས་ཡོད་ན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱས་ཆོག

བཅའ་ཁྲིམས་འདིའི་དོན་ཚན་བཅུ་བཞི་བའི་ནང་གསེས་དོན་ཚན(གཅིག)དང་(གཉིས)ནང་འཁོད་པའི་བྱ་སྤྱོད་ནི་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པ་ཡིན་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འཁེལ་བྱ་རྒྱུ་དང་། ཞིང་ཆེན་ནམ་ཞིང་ཆེན་མན་གྱི་ས་ཁོངས་རང་བཞིན་ལྡན་པ་ཡིན་རིགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འཁེལ་བྱ་རྒྱུ།

དོན་ཚན་ཞེ་གཅིག་པ།གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་ཐད་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་འཛད་སྤྱོད་བྱེད་མཁན་ནམ་གཉེར་སྐྱོང་བྱེད་མཁན་གཞན་དག་གིས་རིན་དངུལ་འཐོལ་པ་སྤྲོད་རྒྱུ་བཟོས་པའི་རིགས་ལ་རིན་དངུལ་འཐོལ་པ་སྤྲད་པའི་ཆ་ཇི་བཞིན་ཕྱིར་སློག་དགོས་པ་དང་། གྱོང་གུན་བཟོས་པའི་ཚེ་བཅའ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

དོན་ཚན་ཞེ་གཉིས་པ།གཉེར་སྐྱོང་བྱེད་མཁན་གྱིས་རིན་གོང་གསལ་བོར་འགོད་རྒྱུའི་གཏན་འབེབས་དང་འགལ་རིགས་ལ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་སྒོར་སྟོང་ཕྲག་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག

དོན་ཚན་ཞེ་གསུམ་པ།གཉེར་སྐྱོང་བྱེད་མཁན་ལ་གནས་སྐབས་སུ་འབྲེལ་ཡོད་ལས་གཉེར་བྱ་བ་གཉེར་མཚམས་འཇོག་ཏུ་བཅུག་ཀྱང་གཉེར་མཚམས་མི་འཇོག་པ་དང་། ཡང་ན་བཅའ་ཁྲིམས་ལྟར་ཐོ་འགོད་ཉར་ཚགས་བྱ་རྒྱུའི་དངོས་རྫས་གཞན་དུ་སྤོས་པ་དང་། སྦས་སྐུང་། མེད་པར་བཟོ་བ་བཅས་བྱས་པའི་རིགས་ལ་དེ་འབྲེལ་ལས་གཉེར་ཐོབ་ཆའམ་གནས་སྤོས་དང་། སྦས་སྐུང་། མེད་པར་བཟོ་བ་བཅས་བྱས་པའི་དངོས་རྫས་ཀྱི་རིན་ཐང་གི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་ཞེ་བཞི་བ།གཏན་འབེབས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུར་དགོས་པའི་དཔྱད་ཡིག་འདོན་སྤྲོད་མི་བྱེད་པ་དང་ཡང་ན་དཔྱད་ཡིག་རྫུན་མ་འདོན་སྤྲོད་བྱས་པའི་རིགས་ལ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཐ་ཚིག་བསྒྲག་རྒྱུ། དུས་ཚད་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན་དངུལ་ཆད་བཅད་ཆོག

དོན་ཚན་ཞེ་ལྔ་བ།ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གམ་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་རིན་གོང་གཏན་འབེབས་བྱེད་པའི་དབང་མཚམས་དང་མཚམས་ཚད་ལས་བརྒལ་ཏེ་རིན་གོང་རང་དགར་གཏན་འབེབས་དང་སྤར་གཅོག་བྱས་པའམ་ཁྲིམས་སུ་བཀོད་པའི་རིན་གོང་བྱ་བར་ཐེ་ཇུས་བྱ་ཐབས་དང་འཕྲལ་མའི་བྱ་ཐབས་ལག་བསྟར་མི་བྱེད་པའི་རིགས་ལ་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། བརྡ་ཁྱབ་ཐོག་ནས་སྐྱོན་བརྗོད་ཀྱང་བྱས་ཆོག དེའི་འགན་ཐད་ཀར་འཁུར་མཁན་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མཁན་མི་སྣ་གཞན་དག་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།

དོན་ཚན་ཞེ་དྲུག་པ།རིན་གོང་སྐོར་གྱི་ལས་ཀ་བྱེད་མཁན་གྱིས་རྒྱལ་ཁབ་ཀྱི་གསང་དོན་དང་། ཚོང་ལས་ཀྱི་གསང་དོན་ཕྱིར་བསྒྲགས་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ལྐོག་རྔན་སློང་ལེན་བཅས་བྱས་ནས་ཉེས་ཚད་ལོན་པའི་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ་དང་། ཉེས་ཚད་ལོན་མེད་པའི་རིགས་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་བདུན་པ།རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱིས་དངུལ་བསྡུ་སྐབས་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས་ཤིང་། དངུལ་བསྡུའི་རྣམ་གྲངས་ཚོད་འཛིན་ནན་པོ་བྱ་དགོས་པ་དང་། དངུལ་བསྡུའི་ཁྱབ་ཁོངས་དང་ཚད་གཞི་གཏན་འབེབས་བྱ་དགོས། དངུལ་བསྡུ་རྒྱུ་དོ་དམ་བྱ་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ལོགས་སུ་གཏན་འབེབས་བྱ་རྒྱུ།

ཁེ་སྤོགས་ཀྱི་ཚད་དང་། དངུལ་བརྗེས་འཛའ་ཐང་། ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གྱི་ཚད། དངུལ་འཛིན། དེ་བཞིན་དུས་བཅད་ཚོང་ཟོག་གི་རིན་གོང་བཅས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གསལ་གཏན་འབེབས་སྤྱད་འཐུས་པ་ལས་བཅའ་ཁྲིམས་འདི་སྤྱད་ན་མི་འཐུས།

དོན་ཚན་ཞེ་བརྒྱད་པ།བཅའ་ཁྲིམས་འདི1998ལོའི་ཟླ5བའི་ཚེས1ཉིན་ནས་ལག་ལེན་དངོས་སུ་བསྟར་རྒྱུ།

གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།