མིག་སྔར། ངོ་གདོང་མཛེས་བཟོ་དངབསྐྲ་མཛེས་བཟོ་བྱེད་པའི་ཐད་ཀྱི་ཞུ་གཏུག་དཔེ་མཚོན་ཧ་ཅང་མང་སྟེ།གཙོ་བོ་མཛེས་བཟོ་ཁང་ཁ་ཤས་ཤིག་གིས་གཟིགས་སྐྱོང་མང་པོ་བྱེད་པར་ཁ་གཡར་ནས་འཛད་སྤྱོད་པར་སྤྲོད་ཐེངས་གཅིག་གིས་འགྲོ་གྲོན་ཡོངས་རྫོགས(སྤྱིར་བཏང་གིས་ལོ་གཅིག་གི་འགྲོ་གྲོན་ཐེངས་གཅིག་གིས་བསྡུ་བ)བསྡུ་བ་དང༌། མཛེས་བཟོ་ཁྲམ་བྱང་བཟོས་རྗེས་མྱུར་དུ་སྒོ་བརྒྱག་པ་དང་ཡང་ན་ཁང་པ་དེ་མི་གཞན་ལ་བཤུག་སྤྲོད་བྱས་པས།འཛད་སྤྱོད་པར་སྒོར་མོ་ཕྱིར་སློག་བྱེད་རྒྱུའི་རེ་འདུན་ཡང་ཞུ་ས་མེད་པར་བཏང་བ་རེད།ཡང་ཁ་ཤས་ཤིག་གིས་མགྲོན་པོ་ཧ་ཅང་མང་པའི་དབང་གིས་འདུག་ས་མེད་པ་དང་མཛེས་བཟོ་ཁང་གི་སྦྱིན་བདག་བརྗེ་བ་སོགས་ཁ་གཡར་ས་མང་པོ་བཙལ་ནས་མཛེས་བཟོ་གན་རྒྱ་ལག་བསྟར་མི་བྱེད་པའམ་ཡང་ན་འགོར་འགྱང་བྱས་ཏེ།འཛད་སྤྱོད་པས་རྒྱུན་དུ་གན་རྒྱའི་ཁ་ཆད་སྟེང་གི་ཞབས་ཞུའི་ཁ་གྲངས་ཀྱི་ཕྱེད་ཀ་མ་གཏོགས་ལོངས་སྤྱོད་བྱེད་ཐུབ་ཀྱིན་མེད།བདག་གཉེར་པ་ཁ་ཤས་ཤིག་གིས་ཚུལ་མིན་ཁེ་ཕན་ལེན་ཆེད།བཀོལ་སྤྱོད་བྱེད་ཀྱིན་པའི་གདོང་དང་སྐྲ་ལ་བྱུགས་ཀྱིན་པའི་མཛེས་བཟོ་ཐོན་རྫས་དག་ཚད་ལྡན་མིན་པ་དང༌།ཐ་ན་ཐོན་སྐྱེད་རྫུན་མ་བཀོལ་སྤྱོད་བྱེད་མཁན་ཡང་ཡོད་པས།འཛད་སྤྱོད་པར་རྒྱུན་དུ་གནོད་འཚེ་ཐེབས་ཀྱིན་ཡོད།དྲིལ་བསྒྲགས་རྫུན་མ་བྱས་ཏེ།མཛེས་བཟོ་བྱས་རྗེས་ཀྱི་ཕན་ནུས་དེ་རྒྱུན་དུ་བདག་གཉེར་མཁན་གྱི་ཁས་ལེན་དང་མི་མཐུན་པ་དང༌།འཛད་སྤྱོད་པས་མཛེས་བཟོ་ཕན་ནུས་བསམ་ཐོག་ཏུ་མ་ཡོང་བའི་དབང་གིས་བདག་གཉེར་མཁན་ལ་བཤད་ཚུལ་ཞིག་དགོས་པའི་རེ་འདུན་ཞུ་སྐབས།རྒྱུན་དུ་གྲོས་འཆམ་ཡི་གེ་བཞག་མེད་པའི་དབང་གིས་ཁེ་དབང་སྲུང་ཐུབ་ཀྱིན་མེད།དེའི་རྐྱེན་གྱིས་འཛད་སྤྱོད་པའི་ངོ་གདོང་མཛེས་བཟོ་དང་སྐྲ་མཛེས་བཟོ་སོགས་ཀྱི་ཞབས་ཕྱི་དང་ལེན་བྱེད་སྐབས་གཤམ་གྱི་གནས་ཚུལ་དག་ལ་མཉམ་འཇོག་བྱེད་དགོས་པ་སྟེ།
གཅིག འགྲོ་གྲོན་སྔོན་ལ་སྤྲོད་པའི་འཛད་སྤྱོད་ལ་མཉམ་འཇོག་དགོས།འཛད་སྤྱོད་མ་བྱས་གོང་བདག་གཉེར་པའི་བཟོ་ཁོང་བདག་གཉེར་ལག་ཁྱེར་དང་འཕྲོད་བསྟེན་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བཀོད་ཡོད་པའི་མཛེས་བཟོ་ཆོག་འཐུས་དཔང་ཡིག་སོགས་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་གསལ་བོར་བལྟ་དགོས་པ་དང༌།གཞན་ད་རུང་སྔོན་སྤྲོད་བྱེད་པའི་དངུལ་གྲངས་མང་མི་རུང༌།
གཉིས། ངོ་གདོང་མཛེས་བཟོ་དང་སྐྲ་མཛེས་བཟོ་བྱེད་སྐབས་ཐོག་མར་བདག་གཉེར་ཁང་དེས་འདོན་སྤྲོད་བྱེད་པའི་ཐོན་རྫས་ལ་གསལ་བོར་བལྟ་དགོས་པ་དང༌།ཚད་ལྡན་དཔང་ཡིག་དང་བཟོ་གྲྭའི་མིང༌།བཟོ་གྲྭའི་ས་གནས།ཐོན་རིམ་ཨང་གྲངས་སོགས་མེད་པའི་ཐོན་རྫས་དང་ལེན་བྱེད་མི་རུང༌།
གསུམ། གདོང་གི་ནག་ཐིག་ལེན་པ་སོགས་ཀྱི་མཛེས་བཟོའི་ཐད་ཉེན་ཁ་ངེས་ཅན་ཞིག་ལྡན་པས།སྨན་བཅོས་མཛེས་བཟོ་ལས་ཁུངས་ཡིན་ན་མ་གཏོགས།ཚིལ་ལེན་པ་དང་མིག་ལ་དཀྲི་ག་ཉིས་བརྩེགས་ལས་པ་སོགས་ཀྱི་མཛེས་བཟོ་གཤགས་བཅོས་བྱེད་མི་ཆོག།དེའི་རྐྱེན་གྱིས་འཛད་སྤྱོད་པས་ཀྱང་ངེས་པར་དུ་མཛེས་བཟོ་ལས་ཁུངས་གདམས་གསེས་ལེགས་པོ་བྱ་དགོས།
བཞི། མཛེ་བཟོ་ཁང་ནས་མཛེས་བཟོ་བྱས་རྗེས་འཛིན་ཡིག་བླངས་ནས་ཉར་ཚགས་ལེགས་པོ་བྱ་དགོས་ལ།གལ་ཏེ་གནད་དོན་བྱུང་ཚེ་མྱུར་དུ་བདག་གཉེར་མཁན་ལ་འབྲེལ་གཏུག་བྱེད་པའམ་ཡང་ན་སྲིད་འཛིན་སྡེ་ཁག་ལ་རོགས་སྐྱོར་བྱ་དགོས།
དགེ་འདུན་འཚོས2010ལོའི་ཟླ8པའི་ཚེས6ཉིན་གྱི་བོད་ཡིག་ཚགས་པར་ལས་བཏུས།