མིན་ཡོན་གྱི་ཀློག་པ་ཞིག་གིས་ཁ་པར་བཏང་ནས་འདྲི་རྒྱུར། ང་ཚོའི་སྡེ་བས“ལོ་ལྔའི་ནང་ཐེངས་གཅིག་བསྒྱུར་བའི”ས་ཞིང་འགན་གཙང་ལེན་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་།ངའི་བུ་ཕྲུག་གཉིས་ཀ་སློབ་གྲྭ་ཆེན་མོ་རུ་ཡོད་པའི་སྐབས་སུ་སྡེ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་ས་ཞིང་བསྐྱར་དུ་འགན་གཙང་ལེན་བྱེད་དུ་བཅུག་ཅིང་།ངའི་བུ་ཕྲུག་གཉིས་ཀའི་དུད་ཐོ་སློབ་གྲྭ་བུ་ཡོད་པའི་དབང་གིས་ས་ཞིང་མ་བགོས་པ་རེད།འདིར་འདྲི་རྒྱུ་ཞིག་ནི་ངས་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ལ་བུ་ཕྲུག་གཉིས་ཀྱི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྲུང་སྐྱོང་བྱ་རྒྱུའི་རེ་འདུན་བཏོན་ཆོག་གམ།
ལན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་བདག་གཉེར་བཅའ་ཁྲིམས》ཀྱི་དོནཚན20པའི་ནང་དུ“རྨོ་ཞིང་གི་འགན་གཙང་ལེན་དུ་ཡུན་ནི་ལོ30ཡིན་པ་དང་།རྩྭ་སའི་འགན་གཙང་ལེན་དུས་ཡུན་ནི་ལོ30ནས50དང་ནགས་སའི་འགན་གཙང་ལེན་དུས་ཡུན་ནི་ལོ30ནས70ཡིན”པ་གཏན་འཁེལ་བྱས་ཡོད།གོང་གི་བཅའ་ཁྲིམས་ཀྱི་ཆོད་དོན་འདི་དག་འཛུགས་པའི་དམིགས་ཡུལ་ནི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་གཏན་འཇགས་རང་བཞིན་སྲུང་སྐྱོང་བྱ་ཆེད་ཡིན་པས།ཁྱོད་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས“ལོ་ལྔའི་ནང་ཐེངས་གཅིག་བསྒྱུར་བའི”སྲིད་ཇུས་ལག་བསྟར་བྱེད་པ་དེ་མངོན་གསལ་སྒོས་བཅའ་ཁྲིམས་ཀྱི་ཆོད་དོན་དང་འགལ་ཡོད་པ་རེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུ་དངོས་བདག་དབང་བཅའ་ཁྲིམས》ཀྱི་དོན་ཚན130པའི་ནང་དུ“འགན་གཙང་ལེན་གྱི་དུས་ཡུན་ནང་དུ་འགན་གཙང་ལེན་བྱེད་མཁན་གྱིས་ས་ཞིང་ལེགས་བཅོས་བྱེད་མི་ཆོག་པ་དང་།རང་བྱུང་གི་གནོད་འཚེ་ཚབས་ཆེན་གྱི་དབང་གིས་ས་ཞིང་ལ་གནོད་འཚེ་ཕོག་པ་སོགས་ཀྱི་དམིགས་བསལ་ཕུད།ས་ཞིང་དང་རྩྭ་སར་ལེགས་སྒྲིག་འོས་འཚམ་བྱ་དགོས་པ་བྱུང་ན།ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས་ཀྱི་ཆོད་དོན་ལྟར།ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་འདིའི་སྡེ་དམངས(འཐུས་མི)ཀྱི་སུམ་ཆའི་གཉིས་ཡན་འཐད་པ་བྱུང་དགོས་པ་དང་།ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་ལས་སོགས་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་འགོད་དགོས”ཞེས་གཏན་འཁེལ་བྱས་ཡོད།གྱོདགཞི་འདིའི་ནང་དུ་ཁྱོད་ཀྱི་བུ་ཕྲུག་གི་དུད་ཐོ་སློབ་གྲྭ་རུ་ཡོད་ནའང་།དེའི་འཚོ་བའི་ཡོང་ཁུངས་སྔར་བཞིན་རང་སྡེ་བ་ཡིན་པ་དང་ས་ཞིང་ནི་དེའི་འཚོ་བའི་ཡོང་ཁུངས་ཁོ་ན་ཡིན་པས།གོང་གི་བཅའ་ཁྲིམས་ཀྱི་ཆོད་དོན་ལྟར།སྡེ་བའི་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྱོད་ཀྱི་བུ་ཕྲུག་གི་ས་ཞིང་འགན་གཙང་ལེན་དབང་ཆ་བླངས་མི་ཆོག་པས།ཁྱོད་ཀྱིས་ཁྱོད་རང་གནས་སའི་མི་དམངས་ཁྲིམས་ཁང་ལ་གཏུགས་ནས་ཁྲིམས་ལྟར་བུ་ཕྲུག་གི་ས་ཞིང་འགན་གཙང་ལེན་དབང་ཆ་སྲུང་སྐྱོང་བྱས་ཆོག།
བྱང་མོས2012ལོའི་ཟླ2པའི་ཚེས3ཉིན་གྱི་མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།