(2024ལོའི་ཟླ2པའི་ཚེས4ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་། 2024ལོའི་ཟླ7པའི་ཚེས25 ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་སྟེང་ཆོག་མཆན་བཀོད)
དོན་ཚན་དང་པོ། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལ་སྲུང་སྐྱོང་དང་བཀོལ་སྤྱོད། འཕེལ་རྒྱས་གཏོང་བ་བཅས་ལ་འགན་སྲུང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་བཅས་བྱ་ཆེད། རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ(གཤམ་དུ་རང་སྐྱོང་ཁུལ་ཞེས་བསྡུ་རྒྱུ)གྱི་དོན་དངོས་དང་ཟུང་འབྲེལ་སྒོས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདི་རང་སྐྱོང་ཁུལ་སྲིད་འཛིན་ས་ཁོངས་ནང་དུ་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལ་སློབ་སྦྱོང་དང་བཀོལ་སྤྱོད། ཞིབ་འཇུག་སྲུང་སྐྱོང་། དེ་བཞིན་དོ་དམ་བཅས་ཀྱི་བྱེད་སྒོར་སྤྱོད་པར་འཐུས།
རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཚན། སྤྱི་ཚོགས་ཚོགས་ཁག དེ་བཞིན་རྩ་འཛུགས་དང་མི་སྒེར་གཞན་དག་བཅས་ཀྱིས་སྲོལ་ཡིག་འདིར་བརྩི་སྲུང་བྱེད་དགོས།
དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། ཚན་རིག་དང་མཐུན་པར་སྲུང་སྐྱོང་། ཚད་ལྡན་དུ་བཀོལ་སྤྱོད། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་དེ་རྒྱལ་ཁབ་གཅིག་གྱུར་དང་རིག་གནས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ཕན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བར་ཕན་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་བཅས་ཡིན་དགོས།
དོན་ཚན་བཞི་པ། རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ལ་སྲུང་སྐྱོང་དང་། གྲངས་ཉུང་མི་རིགས་ཁག་གི་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ལ་འགན་སྲུང་། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཁྲོད་དུ་ནུས་པ་འདོན་པར་སྐུལ་སྤེལ་བྱེད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ཁུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ནང་བཞག་སྟེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གྲོན་དངུལ་འགན་སྲུང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་དོན་ལ་གྲོན་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་དོན་སྤེལ་བར་འགན་སྲུང་ཏན་ཏིག་བྱེད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་ཆ་འཕྲིན་ལག་རྩལ་དང་མཉམ་འདྲེས་ཡོང་བར་སྐུལ་འདེད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་རིག་གཞུང་ཞིབ་འཇུག་དང་། ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག རྩོམ་རིག་གསར་རྩོམ། རིག་རྩལ་འཁྲབ་སྟོན་བཅས་ལ་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱས་ཏེ། དཔེ་དེབ་རྩ་ཆེན་དང་གནའ་དཔེ་རྩ་ཆེན། དཔེ་རྒྱུན་དཀོན་རིགས་འཚོལ་བསྡུ་དང་མྱུར་སྐྱོབ། ལེགས་སྒྲིག་བཅས་བྱས་ནས་སོག་ཡིག་དང་བོད་ཡིག་གནའ་གཞུང་ལས་དོན་ཧུར་ཐག་གིས་སྤེལ་དགོས།
དོན་ཚན་དགུ་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་མངོན་གསལ་འཇོག་མཁན་གྱི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས།
དོན་ཚན་བཅུ་པ། རང་སྐྱོང་ཁུལ་གྱིས་ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་དང་སྲིད་གཞུང་གིས་གཅིག་གྱུར་མཐུན་སྦྱོར། གཙོ་སྐྱོང་སྡེ་ཁག་གིས་འགན་འཁུར་བ། འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་དེར་ཞུགས་པའི་མི་རིགས་སྐད་ཡིག་གི་ལས་དོན་ལམ་སྲོལ་བཙུགས་ཏེ། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་ལ་མཛུབ་སྟོན་དང་དོ་དམ་བྱེད་པར་ཤུགས་སྣོན་དགོས།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རིགས་སྐད་ཡིག་ལས་དོན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་ལ་འཆར་འགོད་དང་ལྟ་སྐུལ། དོ་དམ་བཅས་ཀྱི་འགན་འཁུར་བ་དང་། ཆོག་མཆན་ཐོབ་པ་བརྒྱུད་དེ་བཙུགས་པའམ་ཡང་ན་གཏན་ཁེལ་བྱས་པའི་མི་རིགས་སྐད་ཡིག་བྱ་བའི་སྒྲིག་ཚན་གྱིས་བྱེ་བྲག་གི་བྱ་བ་དང་དུ་བླངས་ནས། གཤམ་གསལ་གྱི་བྱ་བའི་འགན་འཁྲི་ལག་བསྟར་བྱེད་དགོས་པ་སྟེེ།
(གཅིག)ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྐོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་ནས། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།
(གཉིས)སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་འཆར་གཞི་དང་ཞིབ་ཕྲའི་བྱེད་ཐབས་གཏན་འབེབས་བྱེད་དགོས།
(གསུམ)ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ། ཚན་རིག་ཁྱབ་གདལ། རིག་གནས་དྲིལ་སྒྲོག་སོགས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་གི་ཀློག་དེབ་ལོ་ཙཱ་བྱེད་པར་བཀོད་སྒྲིག་བྱེད་དགོས།
(བཞི)སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལོ་ཙཱ་དང་པར་སྐྲུན། སློབ་གསོ། ཚན་ཞིབ། གསར་འགྱུར། རྒྱང་སྒྲོག གློག་བརྙན། བརྙན་འཕྲིན་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱེད་དགོས།
(ལྔ)འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་ཡོངས་བསྒྲགས་པར་སྐྲུན་དཔེ་དེབ་དང་། རྒྱང་སྒྲོག་དང་གློག་བརྙན་བརྙན་འཕྲིན་བརྩམས་ཆོས། སྒྲ་བརྙན་ཐོན་རྫས་དང་མཉམ་སྦྲེལ་དྲ་ལམ་ཁྲོད་ཀྱི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་ཚད་ལྡན་ངང་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།
(དྲུག)གྲངས་ཉུང་མི་རིགས་ཀྱི་གནའ་གཞུང་འཚོལ་བསྡུ་དང་ལེགས་སྒྲིག མྱུར་སྐྱོབ། སྲུང་སྐྱོང་། ཞིབ་འཇུག་སོགས་ཀྱི་ཆེད་དོན་བྱ་བ་བཀོད་སྒྲིག་བྱས་ནས་སྤེལ་དགོས།
(བདུན)སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་བརྡ་ཆད་གསར་པ་འཚོལ་སྡུད་དང་ལེགས་སྒྲིག ལོ་ཙཱ། གོང་ཞུ་བཅས་བྱེད་པ་དང་། ཡོངས་བསྒྲགས་བྱས་ཟིན་པའི་བརྡ་ཆད་གསར་པ་ཁྱབ་གདལ་དང་བཀོལ་སྤྱོད་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས།
(བརྒྱད)སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་རིག་གཞུང་ཞིབ་འཇུག་དང་མཉམ་ལས་སྤེལ་རེས་དང་། ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གསོ་སྦྱོང་བྱེད་པར་བཀོད་སྒྲིག་བྱེད་དགོས།
(དགུ)རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ཡིག་དང་ཚོགས་འདུའི་ཡིག་ཆའི་ལོ་ཙཱ་དང་ཞིབ་བཤེར་གཏན་འབེབས་ཀྱི་ལས་དོན་དང་ལེན་བྱེད་པ་དང་། སྡེ་ཚན་གཞན་དག་ལ་མཛུབ་སྟོན་དང་གཞོགས་འདེགས་བྱས་ནས་སྤྱི་ཚོགས་ཁྲོམ་རར་སྤྱོད་པའི་ཡིག་རིགས་ལ་ཞིབ་བཤེར་གཏན་འབེབས་བྱེད་དགོས།
(བཅུ)རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་སྐོར་གྱི་ལོ་ཙཱ་དང་ཞིབ་བཤེར་གཏན་འབེབས་ལས་དོན་ལ་འགན་འཁུར་དགོས།
(བཅུ་གཅིག)སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་དང་འབྲེལ་བའི་སྡེ་ཁག་བར་གྱི་ལས་སྒོའི་འབྲེལ་བ་མཐུན་སྦྱོར་བྱེད་དགོས།
(བཅུ་གཉིས)ལག་བསྟར་བྱེད་དགོས་པའི་འགན་འཁྲི་གཞན་དག
དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་དང་མི་རིགས་ཆོས་ལུགས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན། ཚོང་ར་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལས་དོན་ལེགས་པོར་བསྒྲུབ་དགོས།
དོན་ཚན་བཅུ་གསུམ་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་གི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། བྱ་བའི་དགོས་མཁོ་ལྟར་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱ་བའི་ནུས་པ་ཇེ་མཐོར་གཏོང་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་ས་གནས་རིམ་པ་ཁག་གི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཚན། སྤྱི་ཚོགས་ཚོགས་ཁག་བཅས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་དང་། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་སློབ་སྦྱོང་ལ་བསྔགས་སྐུལ་བྱེད་དགོས། བྱ་བའི་དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག་གམ་ཡང་ན་བོད་སྐད་ཡིག་གཉིས་ཤེས་པའི་ལས་བྱེད་མི་སྣའམ་ལོ་ཙཱ་བ་བཀོད་སྒྲིག་བྱེད་དགོས།
ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་གིས་བྱ་བའི་དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག་གམ་ཡང་ན་བོད་སྐད་ཡིག་ལ་བྱང་ཆ་ལྡན་པའི་ལས་བྱེད་མི་སྣ་བཀོད་སྒྲིག་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ཁུལ་གྱི་རིམ་པ་ཁག་གི་སློབ་གསོ་གཙོ་སྐྱོང་སྡེ་ཁག་དང་སློབ་གྲྭས་རྒྱལ་ཁབ་ཀྱིས་མི་རིགས་སྐད་ཡིག་སློབ་གསོའི་ཐད་གཏན་འབེབས་བྱས་པའི་འབྲེལ་ཡོད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་ལས། ལག་བསྟར་ལ་འགྱུར་བ་བཏང་མི་ཆོག
རང་སྐྱོང་ཁུལ་གྱི་རིམ་པ་ཁག་གི་སློབ་གསོ་གཙོ་སྐྱོང་སྡེ་ཁག་གིས་ལས་རིགས་ལག་རྩལ་སློབ་གླིང་དང་སློབ་གྲྭ་ཆུང་འབྲིང་། དེ་བཞིན་སློབ་གསོའི་གསོ་སྦྱོང་སྒྲིག་ཚན་གཞན་དག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་དུ་གཏོང་བར་ཤུགས་སྣོན་པའི་དུས་མཚུངས་སུ། དགོས་མཁོ་ལྟར་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་སློབ་ཁྲིད་བཀོད་སྒྲིག་ཆོག་པར་མཛུབ་སྟོན་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཚན་གྱི་ལས་བྱེད་མི་སྣས་གཞུང་དོན་སྒྲུབ་པའི་སྐབས་སུ། ས་གནས་མི་གཅིག་པ་དང་བྱ་ཡུལ་མི་གཅིག་པར་དམིགས་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གམ་སོག་པོའི་སྐད་ཡིག ཡང་ན་བོད་སྐད་ཡིག་བཀོད་སྤྱོད་བྱས་ཆོག
དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྙན་ཞུ་དང་གྲོས་ཆོད། ཆོད་དོན་སོགས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་བཅས་མཉམ་དུ་བཀོལ་སྤྱོད་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱི་གཏན་འབེབས་སམ་ཡང་ན་ཁྱབ་བསྒྲགས་བྱས་པའི་འདེམས་བསྐོའི་ཡིག་ཆ་དང་འདེམས་དམངས་མིང་ཐོ། འདེམས་དམངས་ལག་ཁྱེར། འཐུས་མིའི་འོས་ཐོ། འདེམས་ཤོག འཐུས་མིར་བདམས་ཐོན་བྱུང་བའི་ལག་ཁྱེར། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་ག་བཅས་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་བཅས་མཉམ་དུ་བཀོལ་སྤྱོད་བྱེད་དགོས།
དོན་ཚན་བཅུ་དགུ་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་དུ་གཤམ་གྱི་གནས་ཚུལ་ཁྲོད་དུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་དུས་མཚུངས་སུ། བྱ་བའི་དགོས་མཁོ་ལྟར་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ལ། ཡང་ན་དེའི་ཁྲོད་ཀྱི་མི་རིགས་སྐད་ཡིག་རིགས་གཅིག་བཀོལ་སྤྱོད་བྱེད་དགོས་པ་སྟེ།
(གཅིག)ཁྱབ་བསྒྲགས་ལག་བསྟར་བྱས་ཟིན་པའི་རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག ས་གནས་རང་བཞིན་གྱི་ཁྲིམས་སྲོལ། སྲིད་གཞུང་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ།
(གཉིས)ས་གནས་ཀྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཚན། མི་དམངས་ཚོགས་ཁག་བཅས་ཀྱི་སྒོ་རྟགས་དང་གཞུང་ཡིག་གི་མགོ་བྱང་། ཐམ་ག ཚོགས་རྟགས། དཔང་ཡིག སྒོ་བྱང་། སྦྱར་ཡིག་སོགས།
(གསུམ)རྒྱལ་ཁབ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་ཟིན་པའི་གྲོས་ཆོད་དང་ཆོད་དོན། བཀའ་རྒྱ། བརྡ་ཁྱབ། སྤྱི་བསྒྲགས། ཁྲོམ་བསྒྲགས། དེ་བཞིན་ཞིང་སྡེ་དང་འབྲོག་ཁུལ་དུ་བཀྲམ་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཞན་དག
(བཞི)གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལུས་རྩལ་གྱི་བྱ་འགུལ་གལ་ཆེན།
(ལྔ)རང་ས་གནས་ཀྱི་གཙོ་སྒྲུབ་བྱེད་པའི་ཚགས་དེབ་དང་དྲ་ཚིགས། མཉམ་འདྲེས་སྨྱན་སྦྱོར་གྱི་མིང་སོགས།
(དྲུག)ས་ཁམས་ཀྱི་མིང་དང་གཞུང་ལམ་གྱི་ལམ་རྒྱུད། ཡུལ་སྐོར་མཛེས་ལྗོངས་ཁུལ། གནའ་ཤུལ་གནས་མཆོག རྒྱལ་ཁབ་སྤྱི་གླིང་། རང་བྱུང་སྲུང་སྐྱོང་ཁུལ། རིག་རྫས་སྲུང་སྐྱོང་སྡེ་ཚན་བཅས་ཀྱི་མཚོན་རྟགས་བྱང་བུ་དང་ས་མཚམས་རྡོ་རིང་། ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུ་སོགས་དང་། དེ་བཞིན་སྤྱི་པའི་འདུ་སའི་སྣེ་སྟོན་དང་ཐ་ཚིག བསྒྲགས་བརྡ། ཕྱོགས་སྟོན། ཕྱོགས་ཁྲིད། ཞབས་ཞུའི་བྱང་བུ་སོགས།
(བདུན)སྤྱི་པའི་ཞབས་ཞུའི་དོ་དམ་དང་འབྲེལ་བའི་ལས་རིགས་དང་སྡེ་ཁག་གིས་བཙུགས་པའི་སྤྱི་པའི་ཞབས་ཞུའི་སྒེའུ་ཁུང་གི་མིང་དང་མཚོན་རྟགས།
(བརྒྱད)རང་ས་གནས་ཀྱིས་ཐོན་སྐྱེད་བྱས་ཤིང་རང་སྲིད་འཛིན་ས་ཁོངས་ནང་དུ་འཚོང་བའི་ཚོང་རྫས་ཀྱི་མིང་རྟགས་དང་བཀོལ་སྤྱོད་གསལ་བཤད། ཚོང་ཁང་རིགས་ཀྱི་མིང་དང་ཚོང་རྫས་རིན་གོང་ཤོག་བྱང་། དེ་བཞིན་ཚོང་རྫས་བརྡ་ཁྱབ་སོགས།
(དགུ)རང་བྱུང་གནོད་འཚེ་དང་བྱུར་རྐྱེན་གནོད་འཚེ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་སོགས་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ཚབས་ཆེན་སྐོར་འབྱུང་བའི་སྐབས་སུ་ཁྱབ་བསྒྲགས་བྱེད་པའི་སྤྱི་བསྒྲགས་དང་བརྡ་ཐོ། ཆ་འཕྲིན་སོགས།
(བཅུ)རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་བཅས་མཉམ་དུ་བཀོལ་སྤྱོད་བྱེད་དགོས་པའི་དོན་ཚན་གཞན་དག
དོན་ཚན་ཉི་ཤུ་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱ་སྤྱོད་ཁྲོད་དང་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་སྒྲུབ་པའི་སྐབས་སུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའམ་ཡང་ན་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལམ་ནས་ཞུ་གཏུག་བྱེད་མཁན་ལ་ལོ་ཙཱའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་དང་འདུམ་ཁྲ། བཀའ་བཅད་ཁྲ་མ། ལག་བསྟར་བརྡ་ཡིག་སོགས་ཁྲིམས་དོན་ཡིག་རིགས་དང་། མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་སྦྱོར་ཞུ་ཡིག་བཅས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་དུས་མཚུངས་སུ། དགོས་མཁོ་ལྟར་སོག་པོའི་སྐད་ཡིག་གམ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས།
དོ་བདག་མི་སྣས་སོག་སྐད་དང་བོད་སྐད་ཀྱི་ལམ་ནས་བཤད་པའམ་ཡང་ན་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལམ་ནས་རེ་ཞུ་དང་ཁྲིམས་སྦྱོར། གོང་གཏུག རྒྱུ་མཚན་ཞུ་འབུལ་བཅས་བྱེད་དུས། ཁྲིམས་འཛིན་སྡེ་ཁག་གིས་དང་ལེན་བྱས་ནས་བསྒྲུབ་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་པ་ལས་གཞན། སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་བཀོད་སྤྱོད་བྱས་ནས་རེ་ཞུ་ཡི་གེ་དང་རེ་འདུན་ཡི་གེ། ཐོ་འགོད་ཡི་གེ། ཞུ་གཏུག་ཡིག་རིགས་དང་། དེ་བཞིན་ཡིག་ཆའི་རིགས་གཞན་དག་ཀྱང་བྲིས་ཆོག
དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་གསར་འགྱུར་དང་པར་སྐྲུན། རྒྱང་སྒྲོག བརྙན་འཕྲིན་བཅས་གཙོ་སྐྱོང་སྡེ་ཁག་གིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་རྒྱང་སྒྲོག་དང་བརྙན་འཕྲིན། མཉམ་འདྲེས་སྨྱན་སྦྱོར། འདྲ་བརྙན་ཐོན་རྫས་ཀྱི་སྒྱུར་སྐྲུན་དང་སྒྲོག་གཏོང་། དེ་བཞིན་དཔེ་དེབ་དང་ཚགས་དེབ་རྩོམ་སྒྲིག འགྲེམ་སྤེལ་དྲིལ་སྒྲོག་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབ་དགོས།
རང་ས་གནས་ཀྱིས་གཙོ་སྒྲུབ་བྱེད་པའི་ཚགས་དེབ་དང་རྒྱང་སྒྲོག བརྙན་འཕྲིན་སོགས་སྨྱན་སྦྱོར་གྱིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་གི་ལེ་ཚན་དང་། སྒྲ་རླབས། ཟློས་ལམ་བཅས་འཛུགས་དགོས།
དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱིས་གཤམ་གསལ་བྱ་སྤྱོད་ཁྲོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མི་ཤེས་པའི་སོག་རིགས་དང་བོད་རིགས་སྤྱི་དམངས་ལ་ལོ་ཙཱའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་པ་སྟེ།
(གཅིག)ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ།
(གཉིས)གྲོས་ཚོགས་གལ་ཆེན་རིགས་འཚོགས་པ།
(གསུམ)མི་དམངས་ཀྱིས་ཡིག་སྐུར་ངོ་བཅར་དང་དོན་ཚན་གཞན་དག་སྒྲུབ་པར་སྣེ་ལེན་བྱེད་པ།
དོན་ཚན་ཉེར་བཞི་པ། སྲོལ་ཡིག་འདི་དང་འགལ་བའི་བྱ་སྤྱོད་ལ། ཁྲིམས་ལུགས་ཁྲིམས་སྲོལ་ནང་ཁྲིམས་འབྲེལ་ཁུར་འཁྲི་སྐོར་གྱི་གཏན་འབེབས་ཡོད་ཚེ། གཏན་འབེབས་དེ་དང་བསྟུན་དགོས།
དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། དེ་བཞིན་ལས་བྱེད་མི་སྣར་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ཡོད་ཚེ། ཐད་ཀར་གྱི་འགན་འཁྲི་མི་སྣའི་སྡེ་ཚན་ནམ་རིམ་པ་གོང་མའི་གཙོ་སྐྱོང་སྡེ་ཁག་གིས་སྐྱོན་བརྗོད་སློབ་གསོ་དང་། ཡང་ན་སྲིད་འཛིན་ཆད་པ་གཅོད་དགོས་པ་སྟེ།
(གཅིག)མི་རིགས་སྐད་ཡིག་ལས་དོན་ཁྲོད་བཅའ་ཁྲིམས་ལྟར་འགན་འཁྲི་ལག་བསྟར་མི་བྱེད་པའི་རིགས།
(གཉིས)གཞུང་དོན་ལག་བསྟར་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ཀྱང་། བཀོལ་སྤྱོད་མ་བྱས་པར་མཇུག་འབྲས་མི་ལེགས་པ་བཟོས་རིགས།
(གསུམ)སྲོལ་ཡིག་འདི་དང་འགལ་ནས། སོག་རིགས་དང་བོད་རིགས་སྤྱི་དམངས་ཀྱིས་སོག་པོའི་སྐད་ཡིག་དང་བོད་སྐད་ཡིག་བཀོལ་སྤྱོད་ལ་འགོག་རྐྱེན་བཟོས་རིགས།
དོན་ཚན་ཉེར་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་དགུ་པའི་གཏན་འབེབས་དང་འགལ་ནས། གཏན་འབེབས་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་སོག་པོའི་སྐད་ཡིག བོད་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་རིགས་ལ། མི་རིགས་སྐད་ཡིག་ལས་དོན་གཙོ་སྐྱོང་སྡེ་ཁག་གིས་དག་བཅོས་བྱེད་དུ་འཇུག་པ་དང་། དག་བཅོས་མི་བྱེད་པའི་རིགས་ལ་ཐ་ཚིག་སྒྲོག་པར་མ་ཟད། བཀའ་ཕབ་ནས་དུས་བཀག་ནང་དག་བཅོས་བྱེད་དུ་འཇུག་དགོས།
དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས། ཞིབ་ཕྲའི་ལག་བསྟར་བྱེད་ཐབས་སམ་ལག་བསྟར་སྒྲིག་སྲོལ་གཏན་འབེབས་བྱས་ཆོག
དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདི་ནི2024ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 1990ལོའི་ཟླ5པའི་ཚེས12ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཆོག་མཆན་ཐོབ་པའི《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》དུས་མཉམ་དུ་མེད་པར་བཟོས་པ་ཡིན་ནོ། །