སྲིད་ཇུས་ཁྲིམས་སྲོལ།
 

རྐུན་མའི་ནག་ཉེས་སུས་ཀྱང་འགེབས་ཐབས་བྲལ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-06-05  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


གྱོད་དཔེ།

ཀླུ་རྒྱལ་དང་འབུམ་རྒྱལ་གཉིས་ཀྱིས་སྦྱིན་བདག་སྙིང་ལོ་ཡི་ཁྱིམ་དུ་དབྱར་རྩྭ་དགུན་འབུ་མོད་པོ་ཡོད་པ་ཤེས་རྗེས། ཉིན་ཞིག་གི་མཚན་མོར་ཁོ་གཉིས་སྙིང་ལོ་ཡི་ཁྱིམ་དུ་དབྱར་རྩྭ་དགུན་འབུ་རྐུ་རུ་སོང་སྟེ། འབུམ་རྒྱལ་གྱིས་ཕྱིའི་གནས་ཚུལ་ལ་ལྟ་རྟོག་བྱ་རྒྱུ་བྱས་ཤིང་ཀླུ་རྒྱལ་མཁར་ཁ་འགོས་ནས་སྙིང་ལོའི་ཁྱིམ་དུ་དབྱར་རྩྭ་བརྐུ་རུ་སོང་། ཁོས་ལྐོག་ལྐོག་སུད་སུད་ཀྱིས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་ཡོད་པ་དེ་སྙིང་ལོས་མཐོང་བས། ཀླུ་རྒྱལ་སྐྲག་མ་དངངས་ཀྱིས་རང་ཉིད་བདེ་ལེགས་ངང་ཐར་བའི་ཆེད་དུ་སྙིང་ལོའི་མགོ་ལ་བརྒྱབ་སྟེ་དྲན་མེད་ཀྱིས་བརྒྱལ་དུ་བཅུག་རྗེས་བྱ་འཕུར་བ་ལྟར་བྲོས། ཕྱིས་སུ་ཀླུ་རྒྱལ་དང་འབུམ་རྒྱལ་གཉིས་ཀྱིས་སྙིང་ལོའི་ཁྱིམ་ནས་བརྐུས་པའི་སྒོར་ཁྲི5ཡི་དབྱར་རྩྭ་དགུན་འབུ་དེ་རིན་གོང་སྒོར་ཁྲི2བྱས་ནས་བཙོངས་ཏེ། ཁོ་གཉིས་སོ་སོར་སྒོར་ཁྲི1རེ་བྱས་ནས་བགོས།

བཅའ་ཁྲིམས་དབྱེ་ཞིབ།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 ཀྱི་དོན་ཚན264པའི་གཏན་འཁེལ་ལྟར་ན། "གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་ནམ་ཐེངས་མང་རྐུ་ཁྱེར་དང་ཁྱིམ་ཚང་དུ་འཛུལ་ནས་རྐུ་ཁྱེར་བྱས་པ། མཚོན་ཆ་ཁྱེར་ནས་རྐུ་ཁྱེར་དང་རྐུ་རྒྱག་བཅས་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུའམ་དངུལ་ཆད་གཅིག་པུ་གཅད་རྒྱུ། རྒྱུ་ནོར་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས10མན་བར་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། རྒྱུ་ནོར་གྱི་གྲངས་འབོར་ཧ་ཅང་འབོར་ཆེན་བཙན་འཕྲོག་བྱས་པའམ་ཉེས་ཚབས་ཤིན་ཏུ་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་དང་།དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་གཏང་རྒྱུའི་ཉེས་ཆད་བཅས་མཉམ་དུ་གཅད་རྒྱུ"ཞེས་བཀོད་ཡོད།

ཡང་རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན263པའི་གཏན་འཁེལ་ལྟར་ན། "དྲག་ཐབས་དང་འཇིགས་སྐུལ་ལམ་བྱེད་ཐབས་གཞན་དག་སྤྱད་ནས་གཞུང་སྒེར་གྱི་རྒྱུ་ནོར་འཕྲོག་བཅོམ་བྱེད་པ་ལ་དུས་བཀག་བཙོན་འཇུག་ལོ3ནས10མན་བར་གྱི་ཉེས་ཆད་དང་དངུལ་ཆད་གཉིས་མཉམ་དུ་གཅད་རྒྱུ། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། དུས་བཀག་བཙོན་འཇུག་ལོ10ཡན་དང་ཚེ་བཙོན་ནམ་སྲོག་ཁྲིམས་ཀྱི་ཉེས་ཆད་དང་། དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་བཅས་ཀྱི་ཆད་པ་མཉམ་དུ་གཅད་རྒྱུ"ཞེས་བཀོད་ཡོད་དེ།

(གཅིག) ཁྱིམ་དུ་འཛུལ་ནས་འཕྲོག་བཅོམ་བྱས་པ།

(གཉིས) སྤྱིའི་འགྲིམ་འགྲུལ་ཡོ་བྱད་སྟེང་འཕྲོག་བཅོམ་བྱས་པ།

(གསུམ) དངུལ་ཁང་ངམ་དངུལ་རྩའི་ལས་ཁུངས་འཕྲོག་བཅོམ་བྱས་པ།

(བཞི) འཕྲོག་བཅོམ་ཐེངས་མང་བྱས་པའམ་འཕྲོག་བཅོམ་བྱས་པའི་གྲངས་ཀ་ཧ་ཅང་ཆེ་བ།

(ལྔ) མིར་རྨས་སྐྱོན་དང་ཤི་སྐྱོན་བཟོས་པ།

(དྲུག) དམག་མི་དང་ཉེན་རྟོག་པར་བརྫུས་ནས་འཕྲོག་བཅོམ་བྱས་པ།

(བདུན) མེ་མདའ་བཟུང་ནས་འཕྲོག་བཅོམ་བྱས་པ།

(བརྒྱད) དམག་སྤྱོད་དངོས་ཟོག་འཕྲོག་བཅོམ་བྱས་པའམ་རྒུད་སྐྱོབ་དང་རྒུད་སྐྱོབ་དངོས་རྫས་འཕྲོག་བཅོམ་བྱས་པ་བཅས་སོ། །

ཡང་རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》 ཀྱི་དོན་ཚན269པའི་གཏན་འཁེལ་ལྟར་ན། "རྐུ་འཕྲོག་དང་མགོ་སྐོར་གཡོ་ལེན། བཙན་འཕྲོག་བཅས་ཀྱི་ནག་ཉེས་བསགས་ནས་རྐུས་རྫས་སྦས་སྐུང་བྱེད་པ་དང་། འཛིན་བཟུང་ལ་བཀག་འགོག་བྱེད་པའམ་ཉེས་དཔང་མེད་པར་གཏོང་བ་བཅས་ཀྱི་ཆེད་དུ་ཁ་མལ་ནས་དྲག་ཐབས་སྤྱད་པའམ་དྲག་ཐབས་སྤྱད་དེ་འཇིགས་སྐུལ་བྱས་རིགས་ལ་ཉེས་ཁྲིམས་འདིའི་དོན་ཚན263པའི་གཏན་འཁེལ་ལྟར་ཉེས་ཆད་གཅད་རྒྱུ"ཞེས་བཀོད་ཡོད།

གོང་མ།:སྦྲུམ་བུས་ཤུལ་ནོར་རྒྱུན་འཛིན་བྱེད་ཆོག་གམ།

ཞོལ་མ།:བརྐུས་དངོས་གསང་རོགས་བྱས་ན་ནག་ཉེས་ཅི་ཞིག་གྲུབ།