བློ་མཐུན་རྩོམ་སྒྲིག་པ་ལགས།
ཧོར་ཀྱཱ་སྡེ་བ་ནི་རྫོང་མཁར་དང་བར་ཐག་རིང་རྒྱུ་མེད་ནའང་འགྲིམ་འགྲུལ་སྟབས་མི་བདེ་བས་རྫ་ལུང་ཟབ་མོ་ཞིག་གི་འགག་མདོ་རུ་ཆགས་ཡོད།དེ་སྔོན་ཧོར་ཀྱྰ་སྡེ་བའི་བྱིས་པ་འགའ་རྫོང་མཁར་དུ་སྟེ་ཇ་ཁང་ཞིག་ནས་རྡུང་རེས་བརྒྱབ་སྟེ།རྒྱ་མོ་ཞིག་གི་མགོ་བཅགས་པ་དང་།ཟི་ལིང་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ན་མགོ་ཁྲག་བཞུར་དྲགས་པར་མ་ཟད་མི་ཁྲུམས་བཀད་དེ་ཡིག་ཡ་གཅིག་གི་མིག་ཤེས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་ན།རྫོང་སྤྱི་བདེ་ཅུའུ་ཡིས་རྡུང་རེས་རྒྱག་མཁན་སུ་ཡིན་པ་རྩད་གཅོད་བྱས་མཐར་རྡུང་རེས་རྒྱག་མཁན་གྱི་བྱིས་པ་གསུམ་པོ་ཧོར་ཀྱྰ་སྡེ་བའི་ཡིན་པ་ཤེས་ཏེ།རླངས་འཁོར་བསྐོར་ནས་ཧོར་ཀྱྰ་སྡེ་བའི་ཟབ་ལུང་ཉིན་གྱི་དཀྱོགས་མཚམས་དེར་ཐོན་པ་ན་རླངས་འཁོར་འདམ་ལ་ཟུག་སྟེ་བགྲོད་མ་ཐུབ་པར།རྐང་ཐང་བརྒྱུད་ནས་ཧོར་ཀྱྰ་སྡེ་བའི་ཨ་ཁུ་ལྕགས་བྱམས་ཚང་བསླེབས་འཕྲལ་ཁོ་ཚང་གི་ཞི་ལུས་ཁེ་སྔོན་རྫོང་མཁར་དུ་རྡུང་རེས་བརྒྱབ་ཚུལ་དང་ཕ་རོལ་བར་རྨས་སྐྱོན་ལྕི་མོ་ཕོག་ཡོད་ཚུལ་བཤད་པ་ན།ལྕགས་བྱམས་ཕ་བུ་གཉིས་ཀྱིས་དངོས་དོན་གཏན་ནས་ཁས་མི་ལེན་པར།ཁོ་གཉིས་དེ་རིང་སོ་མ་རྫ་མགོ་ནས་ཐོན་ཚུལ་དང་།ད་རག་བར་དུ་རྫ་མགོ་ནས་ལུག་འཚོས་ཚུལ་བཤད་པ་ན།ཨ་ཁུ་ལྕགས་བྱམས་ཀྱི་ནུ་མོ་རྒྱུག་འོང་ཏེ།“ཁྱོད་ཚོས་ཅི་བཤད་འདོད་པ་ཡིན།བདག་གི་ཕུ་བོ་དང་ཚ་བོ་གཉིས་ལུག་རྫིར་སོང་བ་ཡིན་ཟེར་བ་མ་གོའམ།དེ་རིང་ཁྱོད་ཚོས་བདག་གི་ཚ་བོ་ལ་ལག་པས་རེག་པ་ཙམ་བྱས་ན།ངས་ཁྱོད་ཚོ་མི་བསྐྱུར་ཁོ་ཐག་ཡིན”ཞེས་མགོ་སྐོར་ཞིག་དྲུད་ཡོང་སྟེ་སྤྱི་བདེ་མི་སྣའི་སྟེང་རྒྱུག དེ་ནས་ཅང་མ་མགོར་བར་ཁྱིམ་མཚེས་རྒན་རྒོན་འགའ་ཡང་ཐོན་ནས་ཁྱོད་ཚོས་མི་ཉེས་མེད་ལ་བསྙོན་འཛུགས་བྱེད་ན་ད་ཁྱིམ་འདི་ལས་སྒོར་བུད་ཅེས་ཨ་ཁུ་ལྕགས་བྱམས་ཀྱི་ཞི་ལུ་འཛིན་དུ་མ་བཅུག སྐབས་དེར་སྤྱི་བདེ་མི་སྣ་གཉིས་ཀྱིས་གཅིག་ནས་ཧོར་ཀྱྰ་སྡེ་བ་དང་རྫོང་མཁར་བར་གྱི་ལམ་དེ་འདྲ་བདེ་རྒྱུ་མེད་པས་སུ་རུབ་རྒྱུ་ཡིན་པ་དང་།གཉིས་ནས་རྒན་མོ་ལོ་ལོན་བསམ་ཤེས་ཚོར་ཕོག་ཐུག་བཟོས་ཚེ་ཐེངས་འདིའི་འཛིན་བཟུང་དོན་རྐྱེན་ལ་ཉོག་དྲ་བཟོ་རྒྱུ་རེད་བསམས་ཏེ་ཕྱིར་བུད་སོང་།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཧོར་ཀྱྰ་སྡེ་བའི་མི་སེར་ཚོས་སྤྱི་བདེ་ལས་ཁུངས་ཀྱི་འཛིན་བཟུང་བྱ་བར་བཀག་རྐྱེན་བཟོས་ཆོག་གམ།
ཞེས་བསམ་འགྲུབ་རྒྱལ་གྱིས།
བློ་མཐུན་བསམ་འགྲུབ་རྒྱལ་ལགས།
རང་རྒྱལ་གྱི《ཉེས་ཁྲིམས》ཀྱི་དོན་ཚན277པའི་གཏན་འཁེལ་ལྟར་ན།རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་བཅའ་ཁྲིམས་ལྟར་ལས་སྒྲུབ་བྱེད་པར་དྲག་ཤུགས་དང་འཇིགས་སྐུལ་གྱིས་བཀག་འགོག་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་དང་།ཡང་ན་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ།དངུལ་ཆད་བཅས་ཀྱི་དངུལ་ཆད་གཅད་རྒྱུ།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མི་ཚོགས་ཆེན།རིམ་པ་ཁག་གི་འཐུས་མིསབཅའ་ཁྲིམས་ལྟར་འཐུས་མི་ལས་འགན་སྒྲུབ་དུས་དྲག་ཤུགས་བཀོལ་བ་དང་འཇིགས་སྐུལ་བྱས་ནས་བཀག་འགོག་བྱས་པའི་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་ལྟར་ཉེས་ཆད་གཅད་རྒྱུ།
རང་བྱུང་གནོད་སྐྱོན་དང་གློ་བུར་དུ་དོན་རྐྱེན་བྱུང་བའི་སྐབས་སུ་རྒྱ་གྲམ་དམར་པོའི་ཚོགས་པའི་ལས་བྱེད་པས་བཅའ་ཁྲིམས་ལྟར་འགན་འཁྲིའི་ལས་འགན་སྒྲུབ་དུས་དྲག་ཤུགས་བཀོལ་བ་དང་འཇིགས་སྐུལ་བྱས་ནས་བཀག་འགོག་བྱས་པའི་རིགས་ལ་གོང་གསལ་གྱི་ནང་གསེས་དོན་ཚན་དང་པོའི་གཏན་འཁེལ་ལྟར་ཉེས་ཆད་གཅད་རྒྱུ།
རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་སྲུང་ལས་དོན་གྱི་ལས་འགན་སྒྲུབ་པར་བསམ་བཞིན་དུ་བཀག་འགོག་བྱས་ཚེ།དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་མི་རུང་།ཉེས་པ་ཚབས་ཆེན་བཟོས་རིགས་ལ་གོང་གསལ་ནང་གསེས་དོན་ཚན་དང་པོའི་གཏན་འཁེལ་ལྟར་ཉེས་ཆད་གཅད་རྒྱུ།