
བཟོ་ལས་ཀྱི་འཕྲུལ་ཆས་མིས་ལས་ཀ་བྱེད་བཞིན་པ།

“འཕྲུལ་ཆས་མི”ཞེས་པའི་ཐ་སྙད་འདི་བྱུང་བ་དང་འཛམ་གླིང་སྟེང་གི་འཕྲུལ་ཆས་མི་ཨང་དང་པོ་བུད་པ་དེ་དག་ཚང་མ་ནི་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་གི་གནས་ཚུལ་ཡིན། ཡིན་ནའང་འགྲོ་བ་མིས་འཕྲུལ་ཆས་མིའི་སྐོར་གྱི་འཆར་སྣང་དང་འདོད་སྙེག་ལ་བགྲང་བྱ3000ལྷག་རིང་གི་ལོ་རྒྱུས་ཡོད།
1959ལོར། ཨ་རིའི་བཟོ་བཀོད་པ་དབྱིན་ཀི་པོ་ཀི་དང་ཏི་ཝོ་ཨར་རྣམ་པ་གཉིས་ཀས་འཛམ་གླིང་སྟེང་གི་འཕྲུལ་ཆས་མི་ཨང་དང་པོ་གསར་བཟོ་བྱས། དེའི་རྗེས་སུ་ཁོང་རྣམ་པ་ཚོས་ཡིའུ་ཉི་མེ་ཞུན་སྤྱི་གཉེར་ཁང་བཙུགས་ཏེ། འཛམ་གླིང་སྟེང་གི་འཕྲུལ་ཆས་མི་བཟོ་གྲྭ་ཨང་དང་པོ་དོན་དུ་གཉེར། རྒྱུ་མཚན་དེའི་སྟེང་ནས་ཁོང་རྣམ་པ་གཉིས་ཀར“བཟོ་ལས་ཀྱི་འཕྲུལ་ཆས་མིའི་ཡབ”ཅེས་པའི་མཚན་སྙན་གསོལ་ཡོད་དོ། །
དེ་ཡང1920ལོའི་སྐབས་སུ། ཚན་རྟོག་འཁྲབ་གཞུང་ཞིག་གི་ནང་དུ་འདི་ལྟར་བྲིས་ཡོད་པ་སྟེ། བློ་བཟང་ཀུན་ནུས་འཕྲུལ་ཆས་མི་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བྱས་པའི་འཕྲུལ་ཆས་མི་ལུའོ་པོ་ཐི་ཟེར་བ་དེའི་བཞིན་རས་དང་འགུལ་སྟངས་ཚང་མ་མི་ཞིག་དང་འདྲ་བའི་ལྕགས་རིགས་ཀྱི་སྒྲིག་ཆས་ཤིག་ཡིན་ལ། འཕྲུལ་ཆས་མི་དེ་དག་གིས་ལས་ཀ་འདྲ་མིན་སྣ་ཚོགས་ལས་ཤེས་སྟབས། སྤྱི་གཉེར་ཁང་གི་རྣམ་པ་དར་ཞིང་རྒྱས་པ་ཞིག་ཆགས་ཡོད་པ་དང་། ཕྱིས་སུ་འཕྲུལ་ཆས་མིས་བཟོ་པ་ཚོའི་ལས་ཀ་ཕྲོགས་རྐྱེན་ལས་ཤོར་བཟོ་པ་ཚོས་ཁྲོམ་སྐོར་རྔམ་སྟོན་བྱས་པར། སྤྱི་གཉེར་ཁང་གིས་འཕྲུལ་ཆས་མི་རྩ་འཛུགས་བྱས་ཏེ་བཟོ་པ་ཚོ་དམར་གསོད་བྱས། འཕྲུལ་ཆས་མི་ཇེ་མང་དུ་སོང་བ་དང་བསྟུན་ནས་འཕྲུལ་ཆས་མི་དེ་དག་ལ་ཚོར་དབང་ཡོད་པར་གྱུར་ཏེ། ཁོ་ཚོས་དུས་དེ་ནས་བཟུང་སྟེ་འགྲོ་བ་མིས་དབང་དུ་བསྒྱུར་བ་ལ་ཉན་མི་འདོད་པར་མི་ལ་ཚུར་རྒོལ་བྱས་ཏེ་མཐའ་མར་འགྲོ་བ་མི་རྨེག་མེད་དུ་བཏང་ཚུལ་བརྗོད་ཡོད། འཕྲུལ་ཆས་མིའི་མིང་ཡང་དེའི་སྟེང་ནས་ཐོགས་པ་ཡིན་ལ། དེང་དུས་ཀྱི་འཕྲུལ་ཆས་མི་ཀུན་གྱི་མིང་ལ་ལུའོ་པོ་ཐི་ཟེར་གྱིན་ཡོད།
འོ་ན། འཕྲུལ་ཆས་མི་ངོ་མ་ཞིག་གི་བཟོ་ལྟ་ནི་གང་འདྲ་ཞིག་ཡིན་ནམ་ཞེ་ན། དོན་དམ་དུ་འཕྲུལ་ཆས་མིའི་ལོ་རྒྱུས་རིང་པོ་ཞིག་མིན། 1959ལོར། ཨ་རིའི་གློག་ཤུགས་བཟོ་བཀོད་པ་དབྱིན་ཀི་པོ་ཀི་དང་ཏི་ཝོ་ཨར་རྣམ་པ་གཉིས་ཀས་མི་དང་འདྲ་བའི་འཕྲུལ་ཆས་ཤིག་སྟེ། ཚེ་གང་བོར་ལུས་ཐང་ཆད་པ་མེད་ལ། ཟས་ཟ་མ་ཟ་མི་དགོས་ཤིང་གླ་ཕོགས་ཀྱང་སྟེར་མི་དགོས་པ་ཞིག་གསར་བཟོ་བྱེད་འདོད་སྐྱེས། དེ་ནས་ཁོང་གཉིས་ཀས་མཉམ་འབྲེལ་བྱས་ཏེ། དབྱིན་ཀི་པོ་ཀིས་འཕྲུལ་ཆས་མིའི“ལག་པ”དང“རྐང་པ།”“ལུས་པོ”བཅས་ཇུས་འགོད་བྱེད་པའི་འགན་ཁུར་བ་དང་། ཏི་ཝོ་ཨར་གྱིས་འཕྲུལ་ཆས་མིའི“ཀླད་པ”དང“དབང་རྩའི་མ་ལག”“ཤ་གནད་མ་ལག”བཅས་ཇུས་འགོད་བྱེད་པའི་འགན་ཁུར། འཕྲུལ་ཆས་མི་དེའི་ཕྱིའི་བཟོ་ལྟ་དེ་འཐབ་འཁོར་ཐན་ཁེའི་སྒྱོགས་སྟེགས་དང་ཅུང་ཟད་འདྲ་ལ། གཞི་སྟེགས་སྟེང་དུ་འཕྲུལ་ཆས་ཀྱི་དཔུང་བ་ཆེན་པོ་ཞིག་ཡོད་པ་དང་། དཔུང་ཆེན་དེ་འཁོར་ལྟེའི་མཐའ་རུ་བསྐོར་ནས་གཞི་སྟེགས་སྟེང་ནས་ཕར་འཁོར་ཚུར་འཁོར་བྱེད་ཐུབ། དཔུང་ཆེན་སྟེང་དུ་ཡང་འཕྲུལ་ཆས་ཀྱི་དཔུང་བ་ཆུང་ཆུང་ཞིག་ཡོད་པ་དེ་རང་འདོད་ལྟར་བརྐྱང་བསྐུམ་བྱེད་ཐུབ་ཅིང་། དཔུང་བ་ཆུང་ཆུང་དེའི་ཀླད་ཐོག་ཏུ་མཁྲིག་མ་ཞིག་ཡོད་པ་དཔུང་ཆུང་ལ་བསྐོར་ནས་ཕར་འཁོར་ཚུར་འཁོར་དང་། ཡར་དགྱེ་མར་སྒུར། གཞོགས་འགུལ་བཅས་བྱེད་ནུས། མཁྲིག་མའི་སྔུན་དུ་ལག་པ་སྟེ་ཁ་ལོ་སྒྱུར་ཆས་ཡོད། མདོར་ན་དེ་ནི་འགྲོ་བ་མིའི་དཔུང་བའི་བྱེད་ལས་དང་མཚུངས་པ་ཞིག་ཡོད། རྒྱུ་མཚན་དེའི་སྟེང་ནས་དེ་ནི་འཛམ་གླིང་སྟེང་དུ་དངོས་འབྲེལ་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པའི་བཟོ་ལས་ཀྱི་འཕྲུལ་ཆས་མི་ཨང་དང་པོར་གྱུར།
དེའི་རྗེས་སུ། འཇོན་ཐང་ཆེ་བའི་དབྱིན་ཀི་པོ་ཀི་དང་ཏི་ཝོ་ཨར་རྣམ་པ་གཉིས་ཀས་ཡིའུ་ཉི་མེ་ཞུན་སྤྱི་གཉེར་ཁང་བཙུགས་ཏེ། འཛམ་གླིང་སྟེང་གི་འཕྲུལ་མི་བཟོ་གྲྭ་ཨང་དང་པོ་དོན་དུ་གཉེར་བས།“བློ་བཟང་ཀུན་ནུས་འཕྲུལ་ཆས་མི་སྤྱི་གཉེར་ཁང”དེ་འཕྲུལ་སྣང་ཙམ་ཡིན་པ་ནས་དངོས་ཡོད་དུ་བསྒྱུར་སོང་། ཁོང་རྣམ་པས་ད་རུང་བཟོ་ལས་ཀྱི་འཕྲུལ་ཆས་མི་ཁག་དང་པོ་དེ་ལ“ཡིའུ་ཉི་མེ་ཐི”ཟེར་ཞིང་། དེའི་གོ་དོན་ནི“ཀུན་ནས་རང་བྱེད”ཡིན། མི་ལོ་གསུམ་གྱི་རྗེས་སུ། ཨ་རིའི་འཕྲུལ་ཆས་དང་ལུགས་རྒྱག་སྤྱི་གཉེར་ཁང་གིས་ཀྱང་འཕྲུལ་ཆས་བཟོ་ལས་ཀྱི་འཕྲུལ་ཆས་མི་བཟོ་སྐྲུན་བྱས་ཤིང་། དེར“ཝོར་སཱ་ལན་ཐི”ཟེར་ཞིང་དེའི་གོ་དོན་ནི“ཀུན་ནས་དབོར་འདྲེན”ཞེས་པ་ཡིན། དབྱིན་ཀི་པོ་ཀི་དང་ཏི་ཝོ་ཨར་ཁོང་རྣམ་པ་གཉིས་ལ་རྒྱུ་མཚན་དེའི་སྟེང་ནས་འཇིག་རྟེན་སྐྱེ་བོ་ཀུན་གྱིས“བཟོ་ལས་ཀྱི་འཕྲུལ་ཆས་མིའི་ཡབ”ཅེས་པའི་མཚན་སྙན་གསོལ་ཡོད།
ཀྲུང་གོས་དུས་རབས20པའི་ལོ་རབས80པའི་དུས་མགོར་བཟོ་ལས་ཀྱི་འཕྲུལ་ཆས་མིའི་ཞིབ་འཇུག་གི་མགོ་བརྩམས་པ་ཡིན་ཞིང་། 1994ལོའི་བར་དུ་བཟོ་ལས་ཀྱི་འཕྲུལ་ཆས་མི་མི་རབས་ལྔ་བ་ཞིབ་འཇུག་གསར་བཟོ་བྱས་པར་མ་ཟད། ཐོན་སྐྱེད་འབོར་ཆེ་ཙམ་བྱེད་པའི་གཞི་ཁྱོན་ཡང་ཆགས་ཏེ་ཁྲོམ་རར་བཀྲམ།
དུས་ད་ལྟ་ཆུང་བ་གསོ་རིག་སྨན་བཅོས་ཞབས་ཕྱི་དང་། ལོ་ལོན་དང་དབང་པོ་སྐྱོན་ཅན་དག་ལ་རོགས་སྐྱོར། ཆེ་བ་མཁའ་དབྱིངས་མྱུལ་དཔྱད་དང་འཐབ་འཛིང་གི་ལས་འགན་ལག་བསྟར་བྱེད་པ་ཐམས་ཅད་འཕྲུལ་ཆས་མི་བེད་སྤྱད་དེ་ཡོངས་འགྲུབ་བྱེད་ཐུབ་པ་རེད། དེ་ལས་འཕྲུལ་ཆས་མི་གསར་གཏོད་བགྱིས་པ་དེས་འགྲོ་བ་མིའི་འཆར་སྣང་འགའ་རེ་དེ་དོན་དངོས་སུ་བསྒྱུར་བ་ཤེས་ཐུབ། ཡིན་ནའང་འཕྲུལ་ཆས་མིས་མི་ལ་རྨས་སྐྱོན་བཟོ་བའི་བྱུར་རྐྱེན་འབྱུང་བར་བག་ཟོན་བྱེད་དགོས། དཔེར་ན1978ལོའི་ཟླ9པའི་ཚེས6ཉིན་ལ། ཉི་ཧོང་གི་ཡུལ་ཀོང་ཏའོ་ཡི་བཟོ་གྲྭ་ཞིག་གི་གཏུབ་གཅོད་འཕྲུལ་མིས་ངར་ལྕགས་ལེབ་མོ་གཏུབ་གཅོད་བྱེད་ཚེ། བློ་ཡུལ་ལས་འདས་པར་ལས་རེས་འཁོར་བའི་བཟོ་པ་ཞིག་ངར་ལྕགས་ལེབ་མོ་ཡིན་པར་བསམས་ནས་ཤ་གཏུབ་རུས་གཏུབ་བྱས་ཤིང་། ཡིད་རབ་ཏུ་སྐྱོ་བའི་དོན་དག་དེའང་འཛམ་གླིང་སྟེང་དུ་འཕྲུལ་ཆས་མིས་མི་བསད་པའི་དོན་རྐྱེན་ཨང་དང་པོར་གྱུར།
མི་ཆེ་གེ་མོ་ཞིག་གི་མ་འོངས་ལུང་བསྟན་ལྟར་ན། བགྲང་བྱ10ནས50ཡི་ནང་དུ་འཕྲུལ་ཆས་མིའི་ཤེས་ནུས་ནི་འུ་ཅག་འགྲོ་བ་མིའི་ཡན་དུ་འཆོར་སྲིད། གལ་ཏེ་འགྲོ་བ་མིས་འཕྲུལ་ཆས་མི་ལ་ཚོད་འཛིན་ནུས་ལྡན་བྱེད་མ་ཐུབ་ན། མ་འོངས་པའི་འཇིག་རྟེན་ཁམས་སུ་འཇིགས་སུ་རུང་བའི་རྣམ་པ་འབྱུང་ངེས། དེའི་ཕྱིར་འཕྲུལ་ཆས་མིས་འགྲོ་བ་མིའི་འབྱུང་འགྱུར་ལ་འཇིགས་སྣང་འདྲ་བཟོ་མིན་དེ་ནི་མི་རྣམས་ཀྱིས་ངེས་པར་དུ་ཐུགས་ཁུར་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། །