སྲིད་ཇུས་ཁྲིམས་སྲོལ།
 

བརྙན་རིས་ཁ་ཆེམས་ལ་བཅའ་ཁྲིམས་ཀྱི་ནུས་པ་ཡོད་དམ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-07-06  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:

གྱོད་དཔེ།

མི་འགྱངས་པར་རྒན་མོ་ལྕགས་འཚོའི་ལོ་ན75ཡི་སྐྱེས་སྐར་ལ་ཐོན་འདུག ལོ་འདི་དག་གི་རིང་ལ་མོས་མིག་གིས་བལྟས་བལྟས་ལ་མཐའ་འཁོར་གྱི་གྲོགས་པོ་ལ་ལར་ནད་ཀྱིས་གཙེས་ཤིང་ལ་ལ་ཚེ་ལས་འདས་བཞིན་ཡོད་པས།ད་ནི་མོའང་དངོས་གནས་རྒས་ཟིན་པའི་ཚོར་བ་ཞིག་སྟེར་བཞིན་ཡོད་ཅིང་།དུས་ནམ་ཞིག་ལ་མོ་རང་ཚེ་ལས་འདས་པར་སུས་ཀྱང་ཁ་ཚོན་གཅོད་དཀའ་བར་འདུག རྒན་མོ་ལྕགས་འཚོས་རང་གི་མིང་ཐོག་ཏུ་ཡོད་པའི་ཁང་པ་དང་།ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་རྒྱན་ཆས་མང་པོ་ཞིག་རང་གི་ལག་ཏུ་ཡོད་པ་སེམས་སུ་དྲན་བཞིན་ཡོད་ལ།ནམ་ཞིག་མོ་རང་གློ་བུར་དུ་ཚེ་ལས་འདས་སོང་ཚེ་བུ་བུ་མོ་ཚོས་ཤུལ་ནོར་དེ་དག་བརྩད་ནས་འཁོན་འཛིང་བྱེད་པར་སྐྲག་སྟེ་ཁ་ཆེམས་ཤིག་འཇོག་རྒྱུ་གཏན་འཁེལ་བྱས།རྒན་མོ་ལྕགས་འཚོ་ཆུང་དུས་སུ་སློབ་གྲྭར་འགྲོ་མ་མྱོང་བས་ཡི་གེ་མི་ཤེས་པར་བརྟེན།མི་གཞན་ལ་རོགས་བྱེད་དུ་བཅུག་སྟེ་ཡི་གེ་བྲི་རུ་བཅུག་ན་རང་ཉིད་ཀྱི་བསམ་ཚུལ་ཆ་ཚང་ཡི་གེར་ཕབ་མི་ཐུབ་པར་སེམས་ཁུར་བྱེད་བཞིན་ཡོད།ཉིན་ཞིག་ལ།རྒན་མོ་ལྕགས་འཚོས་གཞིས་ཁུལ་ནང་དུ་མི་གཞན་དང་ཁ་བརྡ་བྱེད་སྐབས།ད་སྐབས་བརྙན་ཕབ་ནས་ཁ་ཆེམས་བཞག་ན་ཆོག་ཟེར་བ་ཐོས་འཕྲལ།མོས་ཀྱང་ཐབས་བཀོད་དེ་མོ་རང་ལ་ཤིན་ཏུ་འཚམས་པར་འདོད་ནས་ཕྱིར་ཁྱིམ་དུ་ལོག་ནས་ལག་འཁྱེར་ཁ་པར་གྱིས་རང་ཉིད་ཀྱིས་བུ་བུ་མོར་འཆད་འདོད་པའི་སྐད་ཆ་དང་དེ་བཞིན་ཤུལ་ནོར་ཇི་ལྟར་བགོ་བཤའ་རྒྱག་དགོས་པ་སོགས་བརྙན་དུ་ཕབ།དེས་ན་རྒན་མོ་ལྕགས་འཚོའི་བརྙན་རིས་ཀྱི་ཁ་ཆེམས་དེ་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནམ།

བཅའ་ཁྲིམས་དབྱེ་ཞིབ།

དུས་རབས་ཉེར་གཅིག་པར་ཐོན་ཙ་ན་ཚན་རྩལ་འཕེལ་རྒྱས་ཀྱང་ཉིན་རེ་བཞིན་གོང་ནས་གོང་དུ་འགྲོ་བཞིན་ཡོད་པས།ཁ་ཆེམས་འཇོག་སྟངས་ཀྱང་དེ་བསྟུན་གྱིས་འགྱུར་བ་ཐེབས་སྲིད།《དམངས་དོན་ཁྲིམས་གཞུང》གི་དོན་ཚན1137པའི་གཏན་འཁེལ་ལྟར་ན།“བརྙན་ཕབ་པ་དང་སྒྲ་ལེན་པའི་རྣམ་པའི་ཁ་ཆེམས་འཇོག་ན།དཔང་མི་གཉིས་ཡན་གྱིས་ཡུལ་དངོས་ནས་བདེན་དཔང་བྱ་དགོས་ཤིང་།ཁ་ཆེམས་འཇོག་མཁན་དང་དཔང་མིས་བརྙན་ཕབ་པ་དང་སྒྲ་ལེན་དུས་རང་ཉིད་ཀྱི་རུས་མིང་དང་འདྲ་པར།དེ་མིན་ལོ་ཟླ་ཚེས་གྲངས་བཅས་ཟིན་ཐོར་དགོད་དགོས”ཞེས་བཀོད་ཡོད།དོན་ཚན་འདིའི་གཏན་འཁེལ་ཁྲོད་དུ་བརྙན་དང་སྒྲའི་རྣམ་པའི་ཁ་ཆེམས་འཇོག་པར་བཅའ་ཁྲིམས་ཀྱི་ནུས་པ་ལྡན་དགོས་ན་གཤམ་གྱི་ཆ་རྐྱེན་ཚང་དགོས་ཏེ།ཐོག་མར་བརྙན་དང་སྒྲའི་རྣམ་པའི་ཁ་ཆེམས་འཇོག་ན་ངེས་པར་དཔང་མི་གཉིས་ཡན་གྱིས་བདེན་དཔང་བྱ་དགོས་པ་དང་།དེ་ནས་ཁ་ཆེམས་འཇོག་མཁན་དང་དཔང་མི་ཚང་མས་བརྙན་དང་སྒྲའི་ནང་དུ་རང་ཉིད་ཀྱི་རུས་མིང་དང་འདྲ་པར།ལོ་ཟླ་ཚེས་གྲངས་དགོད་དགོས་ཤིང་།དེ་མིན་ཁ་ཆེམས་འཇོག་པའི་དུས་ཚོད་ཀྱང་དགོད་དགོས་པ་ཤེས་ཐུབ། གྱོད་དོན་འདིའི་ཁྲོད་དུ།རྒན་མོ་ལྕགས་འཚོས་ལག་འཁྱེར་ཁ་པར་སྤྱད་ནས་རང་ཉིད་ཚེ་ལས་འདས་རྗེས་ཤུལ་ནོར་གྱི་བགོ་བཤའ་ཟིན་ཐོར་བཀོད་ཡོད་ཅིང་།འདི་ནི་བརྙན་དང་སྒྲ་ཕབ་ནས་བཞག་པའི་ཁ་ཆེམས་ཤིག་ཡིན་མོད།འོན་ཀྱང་།རྒན་མོ་ལྕགས་འཚོས་ཁ་ཆེམས་འཇོག་སྐབས།མོ་རང་ཉིད་གཅིག་པུ་མ་གཏོགས་དཔང་མི་མེད་པས།ཁ་ཆེམས་དེ་ལ་བཅའ་ཁྲིམས་ཀྱི་ནུས་ལྡན་ཆ་རྐྱེན་ཚང་མེད་ཕྱིན་ནུས་པ་ཐོན་ཐབས་མེད།ནུས་པ་ཐོན་ཐུབ་པའི་བརྙན་དང་སྒྲའི་རྣམ་པའི་ཁ་ཆེམས་ཤིག་འཇོག་དགོས་ཚེ།རྒན་མོ་ལྕགས་འཚོས་གྲོགས་པོ་གཉིས་ཀྱི་ཡན་དང་།ཡང་ན་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ཁྲིད་ཡོང་ནས་བདེན་དཔང་བྱས་ཏེ།བསྐྱར་དུ་བརྙན་ཕབ་ནས་རུས་མིང་དང་ཟླ་ཚེས་དགོད་དགོས།


གོང་མ།:མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་སློབ་གསོ་ལེ་བར་ཁྲི་ལ་སྐྱོད་ཅེས་པའི་བྱེད་སྒོ་སྤེལ།

ཞོལ་མ།:གནས་ཚུལ་འདིའི་རིགས་ལ་འགྲུལ་སྐྱེལ་ཁ་ལོ་བས་སྐྱིན་ཚབ་འཇལ་དགོས་སམ།