སྲིད་ཇུས་ཁྲིམས་སྲོལ།
 

འཕྲིན་བཅར་བྱ་བའི་སྲོལ་ཡིག(གཅིག)

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-07-15  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:



འཕྲིན་བཅར་བྱ་བའི་སྲོལ་ཡིག

(2022ལོའི་ཟླ1པོའི་ཚེས24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུའི་སྟེང་ཞིབ་བཤེར་ཆོག་མཆན་ཐོབ། 2022ལོའི་ཟླ2ཚེས25ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས།)

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཏང་གིས་འཕྲིན་བཅར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན།  དུས་རབས་གསར་པའི་འཕྲིན་བཅར་བྱ་བ་ལེགས་པོར་བསྒྲུབ་ཏེ།   ཏང་དང་སྲིད་གཞུང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་རྒྱུན་བརྟན་སྲུང་ཆེད་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་རིམ་པ་སོ་སོའི་ཏང་གི་ལས་ཁུངས་དང་།དམངས་ཆེན་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་དང། མང་ཚོགས་ཚོགས་པའི་རྩ་འཛུགས་དང་རྒྱལ་དབང་ཁེ་ལས་བྱ་གཞག་སྡེ་ཁག②སོགས་ཀྱིས་འཕྲིན་བཅར་བྱ་བ་བསྒྲུབ་པར་སྤྱོད་དགོས།

དོན་ཚན་གསུམ་པ། འཕྲིན་བཅར་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང། དམངས་སེམས་གཅིག་སྒྲིལ་བྱེད་པ་བཅས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་དང་དེའི་མགོ་ཁྲིད་ལས་བྱེད། ལས་བྱེད་མི་སྣས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་བྱ་བའི་སྤྱོད་ལམ་ལེགས་སྒྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།

དོན་ཚན་བཞི་བ། འཕྲིན་བཅར་བྱ་བ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།  མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བ་ལེགས་བཅོས་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབ་བྱས་ཏེ།“འདུ་ཤེས་བཞི”③ཆེར་བསྐྱེད་དང“རང་རྟོན་བཞི”④སྲ་བརྟན་གཏོང་བ།“སྲུང་སྐྱོང་གཉིས”⑤སྒྲུབ་ཐུབ་པ་བཅས་བྱས་ཏེ། དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་ཐུགས་ཁྲལ་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས།མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་དང་། གཞི་རྩའི་བསམ་བློ་དང་ཁྲིམས་སྐྱོང་བསམ་བློ་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་གཞི་ཆེ་སའི་བྱ་བར་ཞབས་ཞུ་དང་།  མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། གསལ་བོར་མངོན་པའི་འཕྲིན་བཅར་གནད་དོན་ཐག་གཅོད། སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་ཡོང་བར་སྐུལ་འདེད་བཅས་བྱ་དགོས།

དོན་ཚན་ལྔ་པ། འཕྲིན་བཅར་བྱ་བར་གཤམ་གྱི་རྩ་དོན་བརྩི་སྲུང་བྱ་དགོས་ཏེ།

(གཅིག)ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། འཕྲིན་བཅར་བྱ་བའི་ཕྱོགས་གང་ཅིའི་ཐད་དང་། གོ་རིམ་ཡོངས་ལ་ཏང་གིས་མགོ་ཁྲིད་དོན་འཁྱོལ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁག་ཐེག་བྱ་དགོས།

(གཉིས།)མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱ་དགོས། ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་དང་། མང་ཚོགས་ཀྱི་རེ་འབོད་ལ་ཉན་པ། མང་ཚོགས་ཀྱི་དཀའ་སྡུག་ལ་སེམས་ཁུར་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས།

(གསུམ།)འཕྲིན་བཅར་བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་གིས་འགན་ཉིས་འཁུར། མངའ་ཁོངས་ལྟར་དོ་དམ་དང་རིམ་དགར་འགན་ལེན། སུས་གཙོ་སྐྱོང་དེས་འགན་འཁུར་དགོས།

(བཞི།)ཁྲིམས་དང་སྲིད་ཇུས་ལྟར་གནད་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། འཕྲིན་བཅར་ཁྲིམས་སྐྱོང་ཅན་གྱི་ལམ་དུ་ཞུགས་ཏེ་མང་ཚོགས་ཀྱི་ཁེ་དབང་དང་འཕྲིན་བཅར་ལས་རིམ་ཚད་ལྡན་དུ་གཏོང་བར་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས།

(ལྔ།)འགལ་འདུ་མགོ་ཁུངས་ནས་བཅོས་སྐྱོང་དང་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཐབས་ཇུས་དང་སྲིད་ཇུས་སྣ་འཛོམས་ལག་བསྟར་བྱས་ཏེ། མགོ་ཁུངས་དང་གོང་སྟོད་ནས་ཐག་གཅོད་བྱེད་པ་གནད་དུ་བཞག་སྟེ། འཕྲིན་བཅར་གནད་དོན་འབྱུང་སྲིད་པའི་འགལ་བ་དང་རྩོད་གཞི་རྨང་ནས་ཐག་གཅོད་དང་བྱུང་མ་ཐག་ནས་ཐག་གཅོད་དགོས།

དོན་ཚན་དྲུག་པ། རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་གེག་མེད་འཕྲིན་བཅར་བྱེད་ཐབས་ཀྱི་བགྲོད་ལམ་བསྐྲུན་པ་དང་། འཕྲིན་བཅར་བྱ་བ་ལེགས་པོར་སྒྲུབ་པ། ནན་ཏན་སྒོས་འཕྲིན་བཅར་དོན་བྱ་ཐག་གཅོད་དང། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི། རེ་ཞུ་ལ་ཉན་པ། མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས།

ལེའུ་གཉིས་པ། འཕྲིན་བཅར་བྱ་བའི་སྒྲིག་སྲོལ།

དོན་ཚན་བདུན་པ། ཏང་གིས་འཕྲིན་བཅར་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱུན་འཁྱོངས་དང་། ཏང་ཨུས་གཅིག་གྱུར་མགོ་ཁྲིད་དང་སྲིད་གཞུང་གིས་རྩ་འཛུགས་དངོས་འབེབས། འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་མཐུན་སྦྱོར་དང་། འཕྲིན་བཅར་ལས་ཁུངས་ཀྱིས་སྐུལ་འདེད། ཕྱོགས་སོ་སོས་མཉམ་དུ་དོ་དམ་དམ་འཛིན་གྱིས་འཕྲིན་བཅར་བྱ་བའི་སྒྲོམ་གཞི་འཛུགས་དགོས།

དོན་ཚན་བརྒྱད་པ། ཏང་ཀྲུང་དབྱང་གིས་འཕྲིན་བཅར་བྱ་བར་གཅིག་གྱུར་མགོ་ཁྲིད་བྱེད་པར་ཤུགས་སྣོན་བྱེད་པ།

(གཅིག)ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། འཕྲིན་བཅར་བྱ་བའི་ཆབ་སྲིད་ཁ་ཕྱོགས་དང་ཆབ་སྲིད་རྩ་དོན་བཙུགས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཟབ་ནན་བྱེད་དགོས།

(གཉིས།)འཕྲིན་བཅར་བྱ་བའི་བྱེད་ཕྱོགས་སྲིད་ཇུས་གཏན་འབེབས་བྱས་ཏེ། འཕྲིན་བཅར་བྱ་བའི་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་།མང་ཚོགས་ཀྱི་ཁེ་དབང་འགན་སྲུང་བཅས་ལ་འབྲེལ་བ་ཡོད་པའི་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་དགོས།

(གསུམ།)ཏང་ལ་བློ་སེམས་དཀར་བ་དང་བློས་གཏད་ཆོག་པ། དམངས་དོན་འགན་འཁྲི་དམ་པར་སྲུང་སྟེ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པའི་སྤུས་ཚད་མཐོ་ལ་ཆེད་ལས་ཅན་གྱི་འཕྲིན་བཅར་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་མགོ་ཁྲིད་དེ་འཕྲིན་བཅར་བྱ་བར་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

དོན་ཚན་དགུ་བ། ས་གནས་ཏང་ཨུས་རང་ས་ཁུལ་གྱི་འཕྲིན་བཅར་བྱ་བར་མགོ་ཁྲིད་དང་། ཏང་ཀྲུང་དབྱང་གི་འཕྲིན་བཅར་བྱ་བའི་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཐག་གཅོད་པའི་བཀོད་འདོམས་ལག་བསྟར་དངོས་འབེབས་བྱེད་པ་དང་། རིམ་པ་གོང་མའི་ཏང་རྩ་འཛུགས་ཀྱི་འཕྲིན་བཅར་བྱ་བའི་ཐད་ཀྱི་བཀོད་འདོམས་རེ་འདུན་ལག་བསྟར་བྱ་དགོས། འཕྲིན་བཅར་བྱ་བའི་འགན་འཁྲིའི་མ་ལག་འཛུགས་སྐྲུན་གཅིག་གྱུར་དང་། རིམ་པ་འོག་མའི་ཏང་རྩ་འཛུགས་ལ་འཕྲིན་བཅར་བྱ་བ་ལེགས་པོ་སྒྲུབ་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས།

ས་གནས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་བཅད་ལྟར་འཕྲིན་བཅར་བྱ་བའི་སྙན་ཞུར་ཉན་ནས་གནས་བབ་ལ་དབྱེ་ཞིབ་དང་། ལས་འགན་བཀོད་འདོམས། དོན་བྱ་གལ་ཆེན་ལ་ཞིབ་འཇུག འབུར་ཐོན་གནད་དོན་ཐག་གཅོད་བཅས་བྱ་དགོས།

དོན་ཚན་བཅུ་བ། རིམ་པ་སོ་སོའི་སྲིད་གཞུང་གིས་གོང་རིམ་ཏང་ཨུ་དང་སྲིད་གཞུང་། རིམ་པ་དེའི་ཏང་ཨུའི་འཕྲིན་བཅར་བྱ་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དངོས་འབེབས་དང་།  ཚན་རིག་དམངས་གཙོའི་ཇུས་ཆོད། ཁྲིམས་ལྟར་འགན་འཁྲི་དང་ལེན། ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་བྱས་ནས་འགལ་བ་དང་རྩོད་གཞི་རྩད་ཞིབ་ཐག་གཅོད་བྱེད་པར་ཤུགས་སྣོན་དང། དུས་ཐོག་ཏུ་འཕྲིན་བཅར་གྱི་དོན་བྱ་ཐག་གཅོད་འོས་འཚམ་བྱེད་དགོས། སྲིད་ཇུས་རང་བཞིན་དང་ཚོགས་སྤྱིའི་རང་བཞིན་གྱི་འབུར་ཐོན་གནད་དོན་དང་། དཀའ་གནད་དང་རྙོག་འཛིང་ཆེ་བའི་འཕྲིན་བཅར་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱ་དགོས།

དོན་ཚན་བཅུ་གཅིག་པ། ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་འོག རྒྱལ་ཡོངས་འཕྲིན་བཅར་བྱ་བའི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་སྤྱི་ཡོངས་ལ་སྐུལ་སྤེལ། དངོས་འབེབས་སྐུལ་འདེད་བཅས་བྱེད་པར་འགན་འཁུར་དགོས་པ་དང་། གཤམ་གྱི་འགན་འཁྲི་དག་བསྒྲུབ་དགོས།

(གཅིག)རྒྱལ་ཡོངས་ཀྱི་འཕྲིན་བཅར་གནས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ། ཀྲུང་དབྱང་གིས་ཇུས་ཐག་གཅོད་པར་དཔྱད་གཞི་འདོན་སྤྲོད་བྱ་དགོས།

(གཉིས།)ཏང་ཀྲུང་དབྱང་གི་འཕྲིན་བཅར་བྱ་བའི་ཐད་ཀྱི་སྲིད་ཇུས་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས།

(གསུམ།)འཕྲིན་བཅར་ལམ་ལུགས་བསྒྱུར་བཅོས་དང་འཕྲིན་བཅར་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་གནད་དོན་དང་དོན་བྱར་ཞིབ་འཇུག་བྱ་དགོས།

(བཞི།)བྱ་བའི་འགན་ཁུར་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། སྤྱི་ཁྱབ་རང་བཞིན་གྱི་འབུར་ཐོན་འཕྲིན་བཅར་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་མཛུབ་སྟོན་བྱ་དགོས།

(ལྔ།)འཕྲིན་བཅར་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་དང་ལྟ་སྐུལ་སློབ་སྟོན། ཞིབ་བཤེར་སོགས་ཀྱི་བྱ་བར་མགོ་ཁྲིད་དང་རྩ་འཛུགས་བྱ་དགོས།

(དྲུག)ས་གནས་ཀྱི་རིམ་པ་སོ་སོའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་བྱ་བར་མཛུབ་སྟོན་བྱ་དགོས།

(བདུན།)ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་པའི་འགན་འཁུར་དགོས། ཀྲུང་དབྱང་གི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་འགན་ལེན་བློ་མཐུན་གྱིས་གྲོས་ཚོགས་བསྡུ་པའི་འགན་འཁུར་དགོས་པ་དང་། ཁོངས་ཞུགས་ལས་ཁུངས་དག་གི་འགན་ཁུར་བློ་མཐུན་ཞུགས་དགོས།  ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་རྒྱལ་ཁབ་འཕྲིན་བཅར་ཅུས་སུ་འཛུགས་དགོས། དེས་མཉམ་འབྲེལ་གྲོས་ཚོགས་ཀྱི་དུས་རྒྱུན་བྱ་བ་སྒྲུབ་པའི་འགན་འཁུར་རྒྱུ་དང་། མཉམ་འབྲེལ་གྲོས་ཚོགས་ཀྱིས་གྲོས་ཐག་བཅད་པའི་ལས་དོན་དངོས་འབེབས་བྱེད་པར་སྐུལ་འདེད་དང་ཞིབ་བཤེར་བྱ་དགོས།

དོན་ཚན་བཅུ་གཉིིས་པ། ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་བྱ་བའི་དགོས་མཁོ་ལྟར་ཚང་འཛོམས་གྲོས་ཚོགས་སམ་བྱ་བའི་གྲོས་ཚོགས་བསྡུ་དགོས།འཕྲིན་བཅར་བྱ་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་འཕྲིན་བཅར་དོན་བྱ་གལ་ཆེན་ཐག་གཅོད་བྱེད་པའི་བསམ་འཆར་དང་འབྲེལ་བ་ཡོད་པར་ཞིབ་འཇུག་བྱེད་པ་དང་། དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།

ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཁོངས་ཞུགས་ལས་ཁུངས་ཀྱིས་མཉམ་འབྲེལ་གྲོས་ཚོགས་སྟེང་གཏན་འཁེལ་བྱས་པའི་བྱ་བའི་ལས་འགན་དང་གྲོས་ཐག་བཅད་པའི་དོན་བྱ་དངོས་འབེབ་བྱས་ཏེ། དུས་ཐོག་ཏུ་དངོས་འབེབས་ལག་བསྟར་བྱས་བའི་གནས་ཚུལ་ཡར་ཞུ་བྱེད་དགོས། རང་གི་མངའ་ཁོངས་སུ་ཚོར་ཤུགས་དྲག⑥འཕྲིན་བཅར་གནད་དོན་གལ་ཆེན་དུས་ཐོག་ཏུ་མཉམ་འབྲེལ་གྲོས་ཚོགས་ལ་ཞིབ་འཇུག་བྱེད་པར་འབུལ་དགོས།

དོན་ཚན་བཅུ་གསུམ་པ། ས་གནས་ཀྱི་རིམ་པ་སོ་སོའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་རིམ་པ་དེའི་ཏང་ཨུའི་དང་སྲིད་གཞུང་གི་མགོ་ཁྲིད་འོགརང་ས་ཁུལ་གྱི་འཕྲིན་བཅར་བྱ་བ་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་སྤྱི་ཡོངས་ལ་སྐུལ་སྤེལ། དངོས་འབེབས་སྐུལ་འདེད་བཅས་བྱེད་པར་འགན་འཁུར་དགོས་པ་དང་། རང་ས་ཁུལ་དུ་བྱུང་བའི་འཕྲིན་བཅར་དོན་བྱ་གལ་ཆེན་མཐུན་སྦྱོར་ཐག་བཅད་དེ། རིམ་པ་འོག་མའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བྱ་བར་མཛུབ་སྟོན་བྱ་དགོས། མཉམ་འབྲེལ་གྲོས་ཚོགས་སྐོང་བསྡུ་མཁན་དེ་སྤྱིར་བཏང་དུ་ཏང་ཨུ་དང་སྲིད་གཞུང་གི་འགན་ལེན་བློ་མཐུན་གྱིས་འགན་འཁུར་དགོས།

ས་གནས་ཏང་ཨུ་དང་སྲིད་གཞུང་གིས་འཕྲིན་བཅར་བྱ་བའི་གནས་བབ་དང་ལས་འགན་གཞིར་བཟུང་སྟེ། དུས་ཐོག་ཏུ་ཁོངས་ཞུགས་ལས་ཁུངས་ལེགས་སྒྲིག་དང་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འཕྲིན་བཅར་གནས་ཚུལ་ལ་དབྱེ་ཞིབ་ཞིབ་འཇུག་དང་། འཕྲིན་བཅར་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད། མཉམ་འབྲེལ་སྒོས་ལྟ་སྐུལ་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། མཉམ་འབྲེལ་གྲོས་ཚོགས་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱ་དགོས།

བྱ་བའི་དགོས་མཁོར་གཞིགས་ནས་ཤང་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་དང་ཁྲོམ་སྲང་ཏང་ཨུ་ལས་དོན་ཨུ་ཡོན་ལྷན་ཁང་དང་དོན་གཅོད་ཁང་གིས་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་སྲོལ་བཙུགས་ཆོག་པ་དང་། ཡང་ན་ཏང་སྲིད་མཉམ་འབྲེལ་གྲོས་ཚོགས་སྟེང་དུས་བཅད་ལྟར་རང་ས་ཁུལ་གྱི་འཕྲིན་བཅར་བྱ་བར་ཞིབ་འཇུག་བྱས་ནས་ས་ཁུལ་དེ་གར་བྱུང་བའི་འཕྲིན་བཅར་གནད་དོན་གལ་ཆེན་མཐུན་སྦྱོར་དང་ཐག་གཅོད་བྱ་ཆོག

དོན་ཚན་བཅུ་བཞི་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ནི་འཕྲིན་བཅར་བྱ་བའི་ཆེད་སྒྲུབ་སྡེ་ཁག་ཡིན་ལ། གཤམ་གྱི་འགན་འཁྲི་དག་བསྒྲུབ་དགོས།

(གཅིག)འཕྲིན་བཅར་གྱི་དོན་བྱ་བདག་སྤྲོད་དང་བརྒྱུད་སྤྲོད། མངག་བཀོད་བཅས་བྱ་རྒྱུ།

(གཉིས།)འཕྲིན་བཅར་གནད་དོན་གལ་ཆེན་མཐུན་སྦྱོར་དང་ཐག་གཅོད་བྱ་རྒྱུ།

(གསུམ།)འཕྲིན་བཅར་གྱི་དོན་བྱ་གལ་ཆེན་ཐག་གཅོད་དང་དངོས་འབེབས་བྱེད་པར་སྐུལ་འདེད་དང་བརྟག་དཔྱད་བྱ་རྒྱུ།

(བཞི།)ཕྱོགས་བསྡུས་འཕྲིན་བཅར་ཆ་འཕྲིན་ཡར་ཞུ་དང་། འཕྲིན་བཅར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ། ཏང་ཨུ་དང་སྲིད་གཞུང་གིས་ཇུས་ཐག་གཅོད་པའི་དཔྱད་གཞི་འདོན་སྤྲོད་བྱ་རྒྱུ།

(ལྔ།)རིམ་པ་དེའི་སྡེ་ཁག་དང་ལས་ཁུངས་གཞན་དག་དང་རིམ་པ་འོག་མའི་འཕྲིན་བཅར་བྱ་བར་མཛུབ་སྟོན་བྱ་རྒྱུ།

(དྲུག)བྱ་བ་ལེགས་བཅོས་དང་སྲིད་ཇུས་ལེགས་སྒྲིག།འགན་འཁྲི་སྙེག་འདེད་ཀྱི་གྲོས་གཞི་འདོན་རྒྱུ།

(བདུན།)རིམ་པ་དེའི་ཏང་ཨུ་དང་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་སྒྲུབ་པར་འགན་འཁུར་རྒྱུ།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ལས་གཞན་པའི་སྡེ་ཁག་དང་ལས་ཁུངས་ཀྱིས་འཕྲིན་བཅར་བྱ་བའི་གནས་བབ་ལས་འགན་ལ་གཞིགས་ནས། འཕྲིན་བཅར་བྱ་བའི་ལས་ཁུངས་སམ་མི་སྣའི་འགན་འཁྲི་གསལ་བ་དང་། ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱི་འགན་འཁྲི་ལྟར་ལྟོས་བཅས་ཀྱི་འགན་འཁྲི་གསལ་བོ་དགོས།

དོན་ཚན་བཅོ་ལྔ་བ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལས་གཞན་པའི་སྡེ་ཁག་གཞན་དང་ལས་ཁུངས་དག་གིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་འཕྲིན་བཅར་བྱ་བ་ལེགས་པོར་བསྒྲུབས་ཏེ།  གཏན་འཁེལ་ལྟར་དུས་ཐོག་ཏུ་འཕྲིན་བཅར་དོན་བྱ་བདག་སྤྲོད་ལས་སྒྲུབ་དང་། སྲིད་ཇུས་རང་བཞིན་དང་ཚོགས་སྤྱི་རང་བཞིན་གྱི་འཕྲིན་བཅར་གནད་དོན་སྔོན་འགོག་དང་ཐག་གཅོད་དགོས། རིམ་པ་འོག་མའི་སྡེ་ཁག་དང་ལས་ཁུངས་ཀྱི་འཕྲིན་བཅར་བྱ་བར་མཛུབ་སྟོན་བྱེད་པར་ཤུགས་སྣོན་དགོས།

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་སྤྱི་ཚོགས་སྟོབས་ཤུགས་འཕྲིན་བཅར་བྱ་བར་བརྩོན་པའི་ལམ་ལུགས་ཅན་གྱི་ཐབས་ལམ་རྒྱ་བསྐྱེད་དེ།  ཚོགས་པ་དང་སྤྱི་ཚོགས་རྩ་འཛུགས། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་སྤྱི་ཚོགས་ལས་སྒྲུབ་མི་སྣ་སོགས་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དང་རེ་བ་གོང་ཞུ། ཁྲིམས་ལྟར་མང་ཚོགས་ཀྱི་ཚུལ་མཐུན་རེ་ཞུ་དང་ཁེ་དབང་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ཤང་དང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་།  ཁྲོམ་སྲང་ཏང་ཨུ་ལས་དོན་ཨུ་ཡོན་ལྷན་ཁང་དང་དོན་གཅོད་ཁང་། དེ་བཞིན་སྡེ་བའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཁྱོན་ཡོངས་ནས་འགན་ནུས་འདོན་སྤེལ་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”འཕེལ་རྒྱས་དང་རྒྱུན་འཁྱོངས་བྱས་ཏེ། ས་གནས་དེ་གར་བྱུང་བའི་འཕྲིན་བཅར་དོན་བྱ་དང་འགལ་ཟླའི་རྩོད་གཞི་ཐག་གཅོད་བྱེད་པ་དང་། ཧུར་ཐག་སྒོས་དོན་ཕྲན་སྡེ་བ་ནས་ཕྱིར་མི་འབུད་པ། དོན་ཆེན་གྲོང་རྡལ་ནས་ཕྱིར་མི་འབུད་པ། འགལ་བ་གོང་ལ་མི་སྤྲོད་པ་བཅས་བྱ་དགོས།

དོན་ཚན་བཅུ་དྲུག་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཕྲིན་བཅར་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།མགོ་ཁྲིད་པའི་དཔུང་སྡེ་བཟང་འདེམས་ལེགས་སྒྲུག་དང་། གནས་བབ་ལས་འགན་དང་འཚམ་པའི་བྱ་བའི་སྟོབས་ཤུགས་སྤྲད་དེ། འཕྲིན་བཅར་ལྟ་སྐུལ་ཞིབ་བཤེར་ཆེད་བསྐོས་མི་སྣའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཕྲིན་བཅར་ལས་བྱེད་པའི་དཔུང་སྡེ་འཛུགས་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་འཕྲིན་བཅར་ལས་ཁུངས་ཀྱི་གཙོ་འགན་ཁུར་བའི་བློ་མཐུན་རིམ་པ་དེའི་ཏང་ཨུའམ་ཡང་ན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའི〔གཞུང་སྒྲུབ་ཐིན(ཁང)ཀྲུའུ་རིན་གཞོན་པའི〕འགན་གཅིག་ལྕོགས་སུ་འཁུར་དགོས།

རིམ་པ་སོ་སོའི་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)འཕྲིན་བཅར་གྱི་བྱ་བ་ཏང་གཤིས་སློབ་གསོའི་ནང་དོན་དུ་བསྡུས་ནས་སློབ་ཁྲིད་གསོ་སྦྱོང་བྱེད་དགོས་པ་དང་། ལས་བྱེད་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་དགོས།

རིམ་པ་སོ་སོའི་སྡེ་ཁག་དང་ལས་ཁུངས་ཀྱིས་ན་གཞོན་ལས་བྱེད་དང་གསར་དུ་བསྡུས་པའི་ལས་བྱེད་མི་སྣ་ཡིས་འཕྲིན་བཅར་བྱ་བའི་ལས་གནས་སུ་སྦྱོང་བརྡར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཕྲིན་བཅར་བྱ་བར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་འགན་སྲུང་མཁོ་སྤྲོད་བྱེད་དགོས་པ་དང་། དེར་མཁོ་བའི་གྲོན་དངུལ་རིམ་པ་དེའི་སྔོན་རྩིས་ནང་འཇོག་དགོས། ། (མུ་འགོད)


གོང་མ།:འཕྲིན་བཅར་བྱ་བའི་སྲོལ་ཡིག(གཉིས)

ཞོལ་མ།:སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་མཚོ་བྱང་ཁུལ་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།