—ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི《བླ་ཤིང་སྟེང་ཐོགས་པའི་བཅའ་ཁྲིམས་ལྟ་སྐུལ་གྱི་འབྲས་བུ》ཞེས་པའི་ཞིབ་དཔྱོད་སྤྱི་ཕན་དྲིལ་སྒྲོག་བརྙན་རིས་ཡོངས་སྒྲོག་ཚོགས་འདུའི་ཟུར་བཀོད།
ད་ལོའི་ལོ་མགོར་བརྙན་འཕྲིན་ཟློས་གར《བླ་ཤིང》ཞེས་པ་ཚ་ཚ་འུར་འུར་ངང་སྟོན་མགོ་བརྩམས་ཤིང་། བརྙན་འཕྲིན་ལ་ལྟ་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ་བརྙན་འཕྲིན་ལྟ་ཚད་ཀྱི་གྲུབ་འབྲས་བཟང་ཤོས་གསར་སྐྲུན་བྱས་ཤིང་།སྤྱི་ཚོགས་ཡོངས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་ཁྲིམས་སྐྱོང་སྙིང་སྟོབས། རིག་གནས་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི“སྣང་ཚུལ་རིམ་པའི”ཚ་རླབས་ཤིག་དེ་བས་ཀྱང་འཕྱུར།
སྐྱེ་ཁམས་སྲུང་སྐྱོབ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་འདི་དང་རང་རེའི་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་འགན་ནུས་གཉིས་མ་གྲོས་གཅིག་མཐུན་བྱུང་སྟེ། མཚོ་སྔོན་གྱི་བུ་དང་བུ་མོས“ཚེ་སྲོག་གིས་ཚེ་སྲོག་སྲུང་བའི”སྐྱེ་ཁམས་ཀྱི་འདུན་པ་བརྒྱུད་སྤྲོད་བྱས་ནས་ཚེ་སྲོག་དང་ལྷག་བསམ་ཟོལ་མེད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་ཏུ་བསྟར་བཞིན་ཡོད།
ཟླ5པའི་ཚེས22ཉིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས《བླ་ཤིང་སྟེང་ཐོགས་པའི་བཅའ་ཁྲིམས་ལྟ་སྐུལ་གྱི་འབྲས་བུ》ཞེས་པའི་ཞིབ་དཔྱོད་སྤྱི་ཕན་དྲིལ་སྒྲོག་བརྙན་རིས་ཡོངས་སྒྲོག་གྲོས་ཚོགས་བསྡུས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས།ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ།ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།ཞིང་ཆེན་སྤྱི་བདེ་ཐིང་།ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཐེངས་འདིའི་ཡོངས་སྒྲོག་གྲོས་ཚོགས་སུ་ཞུགས།
1
ཡོངས་སྒྲོག་གྲོས་ཚོགས་ཀྱིས་སྔར་ཡོད་སྲོལ་རྒྱུན་དཔེ་དབྱིབས་ལ་འགྱུར་ལྡོག་བཏང་སྟེ། གློག་བརྙན་འཕྲིན་འགྲེམ་སྟོན་དང་སྐུ་མགྲོན་གྱིས་བཞུགས་མོལ་གནང་བ། གྲོས་མགོ་འདོན་པ་སོགས་ཀྱི་ལས་རིམ་བརྒྱུད་དེ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་ཐུན་མོང་ངེས་ཤེས་སྔར་ལས་གཅིག་སྡུད་དང་། མཐོ་སྒང་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་མཉམ་རོགས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། 《བླ་ཤིང་སྟེང་ཐོགས་པའི་བཅའ་ཁྲིམས་ལྟ་སྐུལ་གྱི་འབྲས་བུ》ཞེས་པའི་ཞིབ་དཔྱོད་སྤྱི་ཕན་དྲིལ་སྒྲོག་བརྙན་རིས་ཀྱི་ཁ་བྱང་འཁྱུག་ཙམ་ཤར་རྗེས།
པའེ་ཅུས། “མེ་མདའ་ཐང་ལ་ཞོག”
བཀྲ་འཚོ། “ཁོའི་ལག་སྟེང་དུ་གཙོད་ཀྱི་ཁྲག་སྦགས་ཡོད། ད་རུང་ལྡོང་གྲགས་པའི་ཁྲག་ཀྱང་སྦགས་ཡོད། མི་འདི་ངན་ནག་ཅིག་ཡིན་ཁོ་ཐག་རེད”
པའེ་ཅུས། “འདི་མི་མེད་ས་ཁུལ་རེད། ཁྲིམས་མེད་ས་ཁུལ་མ་རེད། སུས་མེ་མདའ་བརྒྱག་ན་ངས་དེ་འཛིན་རྒྱུ་ཡིན”
པའེ་ཅུས། “ང་ཚོ་ཁོ་ཚོ་དང་མི་འདྲ། རང་ཉིད་སུ་ཡིན་པ་མ་བརྗེད་ཅིག”
《བླ་ཤིང》གི་བརྙན་འཕྲིན་ཚན་པ་ཞིག་དྲངས་པ་དེས་མི་ཚོགས་ཀྱི་མིག་ཟུང་འཆར་ངོས་སྟེང་ཅེར་དུ་བཅུག བརྙན་མིག་བསྐོར་ཏེ་མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲོང་ཚའི་གྱོད་གཞི་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྱོད་དཔེ་རྐྱང་བ་གནད་འཕིགས་སུ་བརྩིས་ཏེ། བཅོས་སྐྱོང་གི་ཕན་འབྲས་སྐྱེ་འགྲོ་ཀུན་ལ་མངོན་ནས་མཚོ་སྔོན་ཞིབ་དཔྱོད་ཀྱིས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་ཐད་འགན་སྒྲུབ་ལག་ལེན་བྱས་པར་ལུས་དང་སེམས་ཀྱིས་མྱོང་བའི་ཚོར་བ་སྐྱེས་སུ་བཅུག
ཟློས་གར་ནང་རི་སྐོར་རུ་མིས་གཙོད་སྲུང་སྐྱོབ་བྱེད་ལ། དངོས་ཡོད་འཚོ་བའི་ནང་ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་འཁྲི་གསལ་འགྲེལ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད། དྲིལ་སྒྲོག་བརྙན་རིས་ཀྱིས་གཟུགས་བརྙན་ལ་བརྟེན་ནས་ལས་འགན་སྒྲུབ་ཚུལ་ཟིན་ཐོར་བཀོད་དེ། དུས་རབས་གསར་པའི་མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞིབ་དཔྱོད་བྱ་བའི་རྣམ་པ་ཕྱོགས་ཡོངས་ནས་གསལ་པོར་མངོན།《བླ་ཤིང་སྟེང་ཐོགས་པའི་བཅའ་ཁྲིམས་ལྟ་སྐུལ་གྱི་འབྲས་བུ》ཞེས་པར་བསྡོམས་པས་ལེའུ་བདུན་ཡོད་དེ། གྱོད་དཔེ་གཞི་རྟེན་དང་ཁྲིམས་སྐྱོང་ནང་སྙིང་། ལྟ་སྐྱོང་བརྗོད་བྱ་གཙོ་བོ་བཅས་བྱས་ཤིང་། ལེའུ་དང་པོ《སེམས་ཅན་སྲུང་སྐྱོབ》ཅེས་པའི་ནང་འབྲོང་ཚའི་གྱོད་གཞི་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྱོད་དཔེ་གཅིག་བསྡུས་བྱས་ཏེ།ཁྲིམས་འཛིན་སྟོབས་ཤུགས་ལ་བརྟེན་ནས་མཐོ་སྒང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ། ལེའུ་གཉིས་པ《ཆུ་ཀླུང་ཆེན་པོས་ས་ཆེན་ཚེ་སྲོག་གསོ》ཞེས་པའི་ནང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་བདེ་འཇགས་ལ་གཅིག་བསྡུས་བྱས་ཤིང་།སྤྱི་ཕན་གཏུག་བཤེར་ལ་བརྟེན་ནས་ཆུ་ལམ་ཤར་བགྲོད་དང་ཆུ་དྭངས་ངོགས་ལྗང་ལ་ལྟ་སྐུལ་བྱེད་ཅིང་། “ཀྲུང་ཧྭའི་ཆུ་ལྕོག”གི་ཆུ་རྒྱུན་དལ་འབབ་ལ་འགན་སྲུང་བྱེད་པ། ལེའུ་གསུམ་པ《རྩྭ་ཐང་ལ་སྲུང་སྐྱོབ་ལྟ་སྲུང་བྱེད་པ》ཞེས་པས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་ལ་གཅིག་བསྡུས་བྱས་ཤིང་། ཁྲིམས་འགལ་ངང་ས་རྒོད་སློག་པ་དང་བདག་ཏུ་འཛིན་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་སྒྲིག་བཅོས་བྱས་ཏེ། མཐོ་སྒང་གི་རྩྭ་རའི་སྐྱེ་སྟོབས་དང་འབྲོག་པའི་གཞིས་ཁྱིམ་ལ་སྲུང་སྐྱོབ་བྱེད་པ། ལེའུ་བཞི་པ《ནམ་མཁའི་སྐར་ཚོགས་ཕྱི་དོར་བྱེད》ཅེས་པའི་ནང་ལེང་ཧུའུ་ཡི“མཚན་གུང་གི་སྐར་ཚོགས་བཀྲ་བའི་ནམ་མཁའ”ལ་འོད་ཀྱི་སྦགས་བཙོག་ཐེབས་པར་བཅོས་སྐྱོང་བྱེད་པར་གཅིག་བསྡུས་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་གནམ་དཔྱད་ཚད་འཇལ་ཁོར་ཡུག་བཟང་པོ་སྲུང་སྐྱོབ་དང་།མཐོ་སྒང་གི་རྣམ་པར་བཀྲ་བའི་སྐར་ཚོགས་སྲུང་སྐྱོབ་བྱེད་པ། ལེའུ་ལྔ་པ《ཚེ་སྲོག་དང་སྒྱུ་རྩལ་གྱི་རི་མོ་བཞེངས》ཞེས་པའི་ནང་། ཧེ་ཏུའུ་རི་བོ་སོགས་ཀྱི་ཐུན་མིན་ས་གཤིས་ས་བབ་ཆགས་ཚུལ་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་བྱེད་པར་གཅིག་བསྡུས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་མཉམ་རྒྱལ་ཡོང་བར་སྐུལ་འདེད་གཏོང་བ། ལེའུ་དྲུག་པ《མཐོ་སྒང་སྐོར་སྲུང》ཞེས་པའི་ནང་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ལ་དམིགས་ཏེ་ས་ཁོངས་དང་སྡེ་ཁག འབབ་རྒྱུད་བཅས་ལས་བརྒལ་བའི་བཅོས་སྐྱོང་དཀའ་གནད་སེལ་བ། ལེའུ་བདུན་པ《ཡིད་སེམས་གཅིག་མཐུན་གྱིས་ལྗང་མདོག་སྲུང་སྐྱོབ་བྱེད》ཞིས་པའི་ནང“གཙང་པོའི་ཕན་སེམས་གཞུང་ལ་གཏོད”ཅེས་པའི་དང་བླངས་ལྟ་སྐྱོང་ནང་རྐྱེན་ལ་དམིགས་ནས་དམངས་ཡོངས་ཞུགས་ཤིང་ཕྱོགས་མང་མཉམ་སྐྱོང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆགས་སྟངས་ཆེན་མོ་འཛུགས་པ་དེ་ཡིན།
2
སྐུ་མགྲོན་བར་ཞིབ་སྡུར་གྱི་ལས་རིམ་ནང་བརྙན་འཕྲིན་ཟློས་གར《བླ་ཤིང》གི་རི་སྐོར་རུ་མི་སངས་བྷ་འཁྲབ་མཁན་ཀུན་བརྟན་ལ་མྱོང་ཚོར་ཟབ་མོ་སྐྱེས་པ་སྟེ། “《བླ་ཤིང》གི་འཁྲབ་སྟོན་ལ་ཞུགས་པ་ནི་བདག་གི་ཚེ་སྲོག་ལ་བྱབས་ཁྲུས་ཐེངས་ཤིག་རེད། དེ་རིང་དྲིལ་སྒྲོག་བརྙན་རིས་འགྲེམ་སྤེལ་ཡུལ་དངོས་སུ་ཐོན་པས་བདག་ལ་ང་ཚོའི་ཕ་ཡུལ་སྲུང་སྐྱོབ་མཁན་མི་གཅིག་མ་ཡིན་པར་མི་སྐོར་ཞིག་ཡིན་ཞིང་། ཐ་ན་མི་རབས་འགའ་ཡིན་པའི་མྱོང་ཚོར་ཟབ་མོ་ཞིག་སྔར་ལས་སྐྱེས”ཞེས་བཤད།
དེའི་རྗེས་མཐུད་དེ་མདོ་འཛིན་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཅང་ཀྲི་ཀང་དང་། དེ་མིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནུབ་རྒྱུད་གཏེར་ཁུལ་མི་དམངས་ཞིབ་དཔྱོད་ཁང་ཕྱོགས་བསྡུས་ལས་དོན་པུའུ་ཡི་ཀྲུའུ་རེན་ནམ་རིམ་པ་དང་པོའི་ཞིབ་དཔྱོད་དཔོན་ཧྥན་ཡུས་ཐིང་ལ་ཅི་བསམ་ལྷུག་བརྗོད་སྒོས་མྱོང་བ་དང་ལག་ལེན་སྐོར་གླེང་།
“མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་འབྲེལ་ཞིང་། མང་ཚོགས་ལ་ཕན་པའི་དམངས་འཚོའི་བཟོ་འགོད་གལ་ཆེན་ཞིག་ཀྱང་ཡིན་པས་ཕྱོགས་སོ་སོས་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་མཉམ་རོགས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ལག་གདང་སྦྲེལ་ནས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་མཉམ་སྐྲུན་མཉམ་བཅོས་དང་རྒྱུན་རྣམ་ཡུན་ཕན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།
3
ཡོངས་སྒྲོག་གྲོས་ཚོགས་ཀྱི་མཇུག་མཐར“གཙང་པོའི་ཕན་སེམས་གཞུང་ལ་གཏོད”ཅེས་དང་བླངས་པའི་འཐུས་མི་ལི་ཧྥུའུ་ཧྭ་ཡིས་ཡུལ་དངོས་སུ《བླ་ཤིང་ལ་སྲུང་སྐྱོབ་བྱེད་པར་ང་ཚོས་བྱེད་སྒོ་སྤེལ་བཞིན་ཡོད》ཅེས་པའི་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས།
“དང་བླངས་པའི་འཐུས་མི་ཡིན་པའི་ཆ་ནས། ལས་འགན་ལ་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྕི་བ་ངས་སེམས་གཏིང་ནས་ཚོར་བྱུང་། སྤྱི་ཚོགས་ཡོངས་ལ་ངས་ཡང་བསྐྱར་གཟབ་ནན་སྒོས་གྲོས་མགོ་འདོན་རྒྱུ་ཡིན། མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བློ་རྩ་བརྟན་པའི་སྲུང་སྐྱོང་མཁན་དང་།སྤྱི་ཕན་གཏུག་བཤེར་ནང་འབད་པས་ཞུགས་མཁན།སྐྱེ་ཁམས་དཔལ་ཡོན་ཐད་ལྷག་བསམ་དག་པའི་བརྒྱུད་སྤེལ་མཁན་བཅས་བྱེད་པར་བརྩོན་ལེན་བྱེད།……”རེ་འབོད་རེ་རེ་སྙན་འཇེབས་ལྡན་ལ་ངར་ཤུགས་ཀྱང་མཆིས་པས“གཙང་པོའི་ཕན་སེམས་གཞུང་ལ་གཏོད”ཅེས་དང་བླངས་པའི་དཔུང་ཁག་གིས་ཞིབ་དཔྱོད་ལས་ཁུངས་དང་ལག་གདང་སྦྲེལ་ནས་བསམ་པ་དང་བློ་ཁ་གཅིག་ཏུ་ཕྱོགས་ཏེ། མཉམ་དུ་གཙང་གསུམ་འབྱུང་ཡུལ་སྲུང་བའི་ལྷག་བསམ་དེ་བརྗོད།
བརྗིད་ཆགས་མཚོ་སྔོན་འཛམ་གླིང་ཡང་རྩེར་འགྱིང་། དེ་ཉིད་གཙང་གསུམ་འབྱུང་ཡུལ་ཡིན་ལ་ཀྲུང་ཧྭའི་ཆུ་ལྕོག་ཀྱང་ཡིན། དེའི་སྐྱེ་ཁམས་གནས་བབ་ཁྱད་དུ་མཚར་བས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྤྱི་ཡོངས་དང་འབྲེལ་ཡོད། རང་རེའི་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཤིང་། དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཏེ་གཙང་གསུམ་འབྱུང་ཡུལ་གྱི་སྲོག་ཆགས་རྩི་ཤིང་དང་། རི་ཆུ་ཁྲི་སྟོང་མང་པོ་སྲུང་སྐྱོབ་ཡག་པོ་བྱེད་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཙུགས་ཏེ་མཐོ་སྒང་གི“བླ་ཤིང”དེ་མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་ཇི་སྲིད་བར་དུ་སྔོ་ལྗང་ཅན་རུ་འགྱུར་དུ་འཇུག་རྒྱུ་རེད།