ཟླ5པའི་ཚེས11ཉིན། མཚོ་འཕགས་སྨི3750ཡོད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གད་སྟེང་གྲོང་རྡལ་དུ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་2.4བཏང་བའི་ཕན་རོགས་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་དངོས་སུ་འཛུགས་སྐྲུན་བྱེད་མགོ་བཙུགས་ནས། རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་ཤུལ་ཆེན་མོ་འདིར་མ་ལག་རང་བཞིན་གྱི་སྲུང་སྐྱོང་དང་གསར་སྤེལ་གྱི་དུས་མཚམས་གསར་པར་བསླེབས་ཡོད་པ་མཚོན་ཡོད།

ཕན་རོགས་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་ལས་གཞིའི་ཕན་འབྲས་པར་རིས།
ཕན་རོགས་གནའ་ཁུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འདབ་པ་རྫོང་དུ་ཡོད་པ་དང་། གནའ་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1000ལྷག་ཡོད་ལ། གནའ་ཤུལ་འདིས་ཨ་ཧྲི་ལི་ལག་རྩལ་མ་ལག་གི་གནད་འགག་གི་ཞན་ཆ་ཁ་གསབ་བྱས་ནས། ཤར་ནུབ་རྒྱུད་ཀྱི་ཨ་ཧྲི་ལི་རིག་གནས་བརྒྱུད་སྒྲོག་ཁུལ་གཅིག་ཏུ་སྦྲེལ་ཞིང་། ཤར་ནུབ་རྒྱུད་ཀྱི་གནའ་བོའི་མི་ཚོགས་གནས་སྤོར་དང་རིག་གནས་བརྒྱུད་སྒྲོག་ལ་ངོས་འཛིན་བྱེད་པར་དམིགས་བསལ་གྱི་རིན་ཐང་དང་དོན་སྙིང་ལྡན་པ་ཡིན། གནའ་ཤུལ་གྱི་ས་ངོས་རིམ་སྤུངས་དང་ཆ་རྐྱེན་ཤིན་ཏུ་ལེགས་་པའི་ས་སྦས་ཆ་རྐྱེན། གསལ་བོར་མཐོང་ཐུབ་པའི་རྡོ་ཆས་ལག་རྩལ་འགྱུར་ལྡོག་བཅས་ཀྱིས་གནའ་སྔ་མོའི་མིའི་རིགས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་འོག་གི་ནུས་པ་དང་བྱེད་ཐབས། ལོ་རྒྱུས་འཕེལ་རིམ་བཅས་མངོན་པར་མཚོན་ཡོད། 2021ལོར། ཕན་རོགས་གནའ་ཤུལ་དེ་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་མོ་བཅུའི་ནང་བདམས་ཡོད།
རྒྱུས་ལོན་པ་ལྟར་ན། ལས་གཞི་འདིའི་སྤྱིའི་བཟོ་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ13581ཡོད་ལ། འཆར་གཞི་ལྟར་ན2027ལོའི་ཟླ12པར་ལེགས་འགྲུབ་བྱ་རྒྱུ་རེད། ལས་གཞིས་ཕན་རོགས་གནའ་ཤུལ་སྲུང་སྐྱོང་བེད་སྤྱོད་རྟེན་གཞི་བསྐྲུན་ནས། འགྲེམ་སྟོན་དང་ཞིབ་འཇུག་སྲུང་སྐྱོང་གི་རྨང་གཞིའི་སྟེང་། ཡུལ་སྐོར་པ་སྣེ་ལེན་དང་ཞབས་ཞུ་སྒྲིག་ཆས་སོགས་བྱེད་ནུས་སྣང་མང་ལྡན་ཞིང་། འཛུགས་སྐྲུན་ནང་དོན་ལ་འགྲེམ་ཁུལ་ར་བ་དང་ཚན་རིག་ཞིབ་འཇུག་གི་སྡོད་ཁང་། ཡུལ་སྐོར་པའི་ཞབས་ཞུ་ར་བ་སོགས་ཚུད་ཡོད། །