གནའ་གཞུང་ཡིག་ཚང་།
 

གློག་རྡུལ་ཕྲ་མཐོང་མེ་ལོང་། མིའི་རིགས་ཀྱི་མིག་དབང་ཨང་གསུམ་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-06-23  རྩོམ་པ་པོ།:མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ལེ་ཝིན་ཧུའུ་ཁིས་ཇུས་འགོད་བྱས་པའི་ཕྲ་མཐོང་མེ་ལོང་།

གློག་རྡུལ་ཕྲ་མཐོང་མེ་ལོང་གི་འོག་ནས་མཐོང་བའི་དུག་སྦྲང་གི་ལུས་པོའི་ཕྱི་ངོས་སུ་ཁེབས་པའི་སག་ལྷེབ།

1932ལོར། འཇར་མན་གྱི་དངོས་ཁམས་རིག་པ་བ་ལུའུ་སི་ཁཱ་དང་གློག་ཤུགས་བཟོ་བཀོད་པ་ཁི་ནོར་གྱིས་འཛམ་གླིང་སྟེང་གི་གློག་རྡུལ་ཕྲ་མཐོང་མེ་ལོང(ཕྲ་ཤེལ་ཡང་ཟེར)ཨང་དང་པོ་གསར་གཏོད་བྱས། ལོ་དེར། ལུའུ་སི་ཁཱས"དབྱིབས་རྩིས་གློག་རྡུལ་འོད་རིག་གི་འཕེལ་རྒྱས"ཞེས་པའི་དཔྱད་རྩོམ་སྤེལ་ཏེ། གློག་རྡུལ་ཕྲ་མཐོང་མེ་ལོང་ཞེས་པའི་ཐ་སྙད་དེ་ཐོག་དང་པོར་བཀོལ་སྤྱོད་བྱས་པར་བརྟེན། ལོ་དེའང་གློག་རྡུལ་ཕྲ་མཐོང་མེ་ལོང་གསར་གཏོད་བགྱིས་པའི་ལོ་ཡིན་པར་ཀུན་གྱིས་ཁས་ལེན་ནོ། །

སྲོག་ཆགས་དང་རྩི་ཤིང་ལས་གཞན། རང་བྱུང་ཁམས་སུ་ད་རུང་སྐྱེ་དངོས་ཕྲ་རབ་གང་མང་མང་ཞིག་ཡོད་ལ། དེ་ཚོ་ནི་ཧ་ཅང་ཕྲ་ཞིང་ཆུང་བས་སྐྱེ་དངོས་ཕྲ་རབ་དུང་ཕྱུར་དུ་མ་གནས་གཅིག་ཏུ་ཕུང་གསོག་བྱས་ཀྱང་འབྲས་རྡོག་གཅིག་གི་ཆེ་ཆུང་ཙམ་མ་གཏོགས་མེད། ཡིན་ནའང་གློག་རྡུལ་ཕྲ་མཐོང་མེ་ལོང་གསར་གཏོད་བྱས་པ་དེས་འགྲོ་བ་མི་སྐྱེ་དངོས་ཕྲ་རབ་ལ་སོགས་པའི་ཕྲ་བའི་འཇིག་རྟེན་གྱི་ཕྱོགས་སུ་སྐྱོད་པའི་སྒོ་ཆེན་ཕྱེས།

དུས་རབས16པའི་དུས་མཇུག་ཏུ། ཧོ་ལན་གྱི་ཤེལ་མིག་ཚོང་པ་ཀྲན་སིན་ཕ་བུ་གཉིས་ཀས་འཛམ་གླིང་སྟེང་ཆེས་སྔ་བའི་ཕྲ་མཐོང་མེ་ལོང་གསར་གཏོད་བྱས། 1683ལོར་ཧོ་ལན་གྱི་སྐྱེ་དངོས་རིག་པ་བ་ལེ་ཝིན་ཧུའུ་ཁིས་ཕྲ་མཐོང་མེ་ལོང་ལ་བརྟེན་ནས་ཕྲ་སྲིན་མཐོང་ཞིང་། ཕྱིས་སུ་སྲོག་ཆགས་དང་རྩི་ཤིང་གི་ཕྲ་བའི་ཆགས་ཚུལ་ལའང་ལྟ་དཔྱད་ཅུང་ཟད་བགྱིས་ཡོད་པས། དེ་ནི་ཕྲ་མཐོང་མེ་ལོང་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཨང་དང་པོ་ཡིན་ཞེས་བརྗོད་ཆོག

དུས་རབས19པའི་དུས་སྐེད་དུ། འོད་ནུས་ཕྲ་མཐོང་མེ་ལོང་གསར་གཏོད་བྱས་པ་དེས། ཕྲ་ཕུང་མཐོང་བ་དང་ཕྲ་ཕུང་སྐོར་གྱི་གཞུང་ལུགས་འཛུགས་པའི་མཐུན་རྐྱེན་དུ་གྲུབ་པས། དེ་ནི་འགྲོ་བ་མིས་ཕྲ་བའི་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་ཐད་ཀྱི་ཐོད་བརྒལ་ཆེན་པོ་ཞིག་ཡིན། ཡིན་ནའང་ཕྲ་ཕུང་ལ་ཞིབ་འཇུག་བྱེད་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན། འོད་ནུས་ཕྲ་མཐོང་མེ་ལོང་གི་སྐྱོན་ཆའང་ཉིན་རེ་བཞིན་ལྷང་ལ་བུད་པ་སྟེ། དེས་མིག་གིས་མཐོང་བའི་འོད་དེ་འོད་ཀྱི་ཡོང་ཁུངས་བྱས་རྐྱེན། གསལ་འབྱེད་ཀྱི་ནུས་པ་ལ་འོད་རླབས་ཀྱི་ཤུགས་རྐྱེན་ཐེབས་པས་ཕྲ་ཕུང་གི་དེ་བས་ཞིབ་ཕྲའི་ཆགས་ཚུལ་ལ་བླ་ལྷག་ཏུ་རྒྱུས་ལོན་བྱེད་ཐབས་མེད་པར་གྱུར།

1932ལོར། འཇར་མན་གྱི་པེར་ལིན་བཟོ་ལས་ཚན་ཁག་སློབ་ཆེན་གྱི་མཐོ་གནོན་ཉམས་ཞིབ་ཁང་གི་ལོ་ན་གཞོན་པའི་ཞིབ་འཇུག་པ་ལུའུ་སི་ཁཱ་དང་ཚན་གཙོ་ཁི་ནོར་གཉིས་ཀྱིས་གློག་གི་མོ་སྣེའི་འཕྲོ་ཟེར་གྱི་གློག་རླབས་བརྟག་ཆས་ལ་ལེགས་བཅོས་ཁ་ཤས་བྱས་པ་ན། ཟངས་ཚགས་ཆེ་རུ་བཏང་བའི་འདྲ་པར་ཞིག་སྐྱོན་མེད་ངང་ཐོབ། གློག་རྡུལ་གྱི་འདྲ་པར་དེ་རིགས་ཆེ་རུ་བཏང་ཚད་ལྡབ12ཙམ་མ་གཏོགས་མེད་མོད། འོན་ཀྱང་དེས་གློག་རྡུལ་ཐིག་དང་གློག་རྡུལ་དྭངས་ཤེལ་སྤྱད་དེ་འོད་ནུས་ཀྱི་འདྲ་པར་དང་འདྲ་བའི་བརྙན་འཕྲིན་གྱི་བརྙན་རིས་གསར་བཟོ་བྱེད་ཐུབ་པར་གསལ་བཤད་ཁུངས་བཙན་བགྱིས་པ་རེད། དུས་དེ་ནས་བཟུང་། གློག་རྡུལ་ཕྲ་མཐོང་གི་བྱེད་ཐབས་དངོས་སུ་མགོ་ཚུགས་པ་རེད།

དེ་འདྲ་ཡིན་ཡང་། ཡར་སྔོན་གྱི"གསར་རྙེད"དེ་གཉིས་ཀྱིས་ཁི་ནོར་དང་ལུའུ་སི་ཁཱའི་ཞིབ་འཇུག་ལ་རྨང་གཞི་བཏིངས། 1924ལོར། ཧྥ་རན་སིའི་དངོས་ཁམས་རིག་པ་བ་ཏི་པུའུ་ལུའོ་དབྱིས་གློག་རྡུལ་ཐིག་ནི་རྦ་རླབས་བཞིན་དུ་འགུལ་སྐྱོད་བྱེད་ཀྱིན་འདུག་ན་ཡང་། དེའི་རླབས་ཀྱི་རིང་ཚད་དེ་ལས་གལ་སྲིད་གློག་རྡུལ་ཐིག་གཅིག་བསྡུས་བྱེད་ཐུབ་པའི་ཐབས་ཤེས་ཤིག་རྙེད་ཐུབ་པའི་དབང་དུ་བཏང་ན། དེ་སྤྱད་ནས་དངོས་བརྙན་ཇེ་ཆེར་བཏང་ཆོག་པ་ཧ་གོ་ཐུབ། ལོ་གཉིས་ཀྱི་རྗེས་སུ། འཇར་མན་གྱི་དངོས་ཁམས་རིག་པ་བ་པུའུ་ཧྲིས་གནད་མདོ་སྙོམ་སྒྲིག་བྱས་པ་ལས་བྱུང་བའི་ཕན་ནུས —གློག་སྡུད་ཁྱམས་དང་ཡང་ན་འཇགས་གློག་ཁྱམས་ནང་དུ་གློག་རྡུལ་མི་སྣང་བར་གྱུར་པ་མཐོང་། དོན་དངོས་སུ། གློག་སྡུད་ཁྱམས་དང་ཡང་ན་འཇགས་གློག་ཁྱམས་དེ་དྭངས་ཤེལ་ཞིག་ཏུ་གྱུར་པ་དང་། གློག་རྡུལ་ནི་འོད་དུ་གྱུར་སོང་བ་རེད།"གསར་རྙེད"དེ་གཉིས་ཀ་དང་ཟུང་དུ་སྦྲེལ་ཏེ་གློག་རྡུལ་ཕྲ་མཐོང་མེ་ལོང་གཞི་ནས་གསར་གཏོད་བྱེད་ཐུབ་པ་བྱུང་བ་དང་ཆབས་ཅིག་ཏུ། མི་ཧ་ལས་དགོས་པའི་མགྱོགས་ཚད་ཀྱིས་ཡར་རྒྱས་གོང་འཕེལ་བྱུང་བ་རེད།

དུས་རབས20པའི་ལོ་རབས30པའི་དུས་མཇུག་ཏུ། འཇར་མན་གྱི་ཞི་མོན་ཙི་སྤྱི་གཉེར་ཁང་དང་དབྱིན་ཇིའི་ཏཱ་ཏུའུ་ཧོས·ཝེ་ཁིར་སྤྱི་གཉེར་ཁང་། ཨ་རིའི་སྐུད་མེད་གློག་སྤྱི་གཉེར་ཁང་བཅས་ཚན་རྩལ་རྩེ་གྲས་སྤྱི་གཉེར་ཁང་གིས་གློག་རྡུལ་དྭངས་ཤེལ་གྱི་གཞི་རྩའི་རྩ་བའི་རིགས་པ་འཐུས་སྒོ་ཚང་བར་བཏང་སྟེ། གློག་རྡུལ་ཐིག་དེ་མཁའ་རླུང་མེད་པའི་ཁོག་པའི་ནང་དུ་ཆགས་པའི་གློག་སྡུད་ཁྱམས་དང་ཡང་ན་འཇགས་གློག་ཁྱམས་ཀྱི་ནང་གཅིག་བསྡུས་བྱས་པར་བརྟེན་ནས། དངོས་གཟུགས་ཇེ་ཆེར་གཏོང་བའི་དམིགས་ཡུལ་འགྲུབ་པར་བྱས། 1938ལོར། འདྲ་པར་ལྡབ་ཁྲི3ཇེ་ཆེར་གཏོང་ཐུབ་པའི་གློག་རྡུལ་ཕྲ་མཐོང་མེ་ལོང་ཞིབ་འཇུག་བཟོ་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་བ་རེད།

དེའི་རྗེས་སུ་ལེགས་བཅོས་བྱས་པའི་གློག་རྡུལ་ཕྲ་མཐོང་མེ་ལོང་བུད་ཅིང་། དེས་དངོས་གཟུགས་ལྡབ་འབུམ1ཇེ་ཆེར་གཏོང་ཐུབ། དེ་དང་དེ་ལྟར་དུ། དངོས་གཟུགས་ལག་རྩལ་གྱི་ཆུ་ཚད་དང་སྒྲིག་ཆས་རྒྱུན་ཆད་མེད་པར་མཐོར་འདེགས་དང་ལེགས་བཅོས་བྱུང་བ་དང་བསྟུན་ནས། དེས་མི་རྣམས་ཀྱིས་རྡུལ་ཕྲན་ལ་ལྟ་དཔྱད་བགྱིད་པའི་ཕུགས་འདུན་དེ་མངོན་སུམ་དུ་འགྱུར་བར་བྱས། དུས་ད་ལྟ། དབྱེ་འབྱེད་བྱེད་ཚད་མཐོ་བའི་གློག་རྡུལ་ཕྲ་མཐོང་མེ་ལོང་གིས་དབྱེ་འབྱེད་ཀྱི་ནུས་པ་ནཱ་སྨི0.1ལ་སླེབས་པས། ཇེ་ཆེར་གཏོང་བའི་ལྡབ་གྲངས་ས་ཡ1དང་འབུམ5ཡན་ཆད་དུ་སླེབས།དེ་དཔེ་ཞིག་བཞག་ན་སྒོར་མོའི་ཚངས་ཐིག་སྨི4ཅན་གྱི་དབུགས་ལྒང་ཞིག་སའི་གོ་ལའི་ཆེ་ཆུང་གི་ཚད་དུ་ཇེ་ཆེར་བཏང་བ་དང་འདྲ་ལ། རྡུལ་ཕྲན་ཡང་གོ་རེ་ཅུང་རྡོག་ཆུང་ངུ་ཞིག་གི་ཆེ་ཆུང་དུ་ཇེ་ཆེར་གཏོང་ཐུབ་པས། གསལ་པོ་གསལ་རྐྱང་དུ་མཐོང་ཐུབ།

དམིགས་སུ་བཀར་ནས་ལབ་དགོས་པ་ཞིག་ནི། དུས་རབས19པའི་དུས་མཇུག་ནས་དུས་རབས20པའི་ལོ་རབས20པའི་བར་དུ། ཁྱད་དུ་འཕགས་པའི་ཚན་རིག་པ་མི་ཉུང་བ་ཞིག་གིས་གློག་རྡུལ་ཐིག་གིས་འོད་གཅིག་བསྡུས་བྱེད་ཐུབ་པ་ཤེས་ཤིང་འདྲ་པར་ཆགས་པའི་སྤྱི་འགྲོས་ཐོབ་ཡོད་ནའང་། ཁོང་རྣམ་པས་དེར་ཁྲིད་སྟོན་བྱས་ནས། གློག་རྡུལ་ཐིག་གིས་འོད་ཐིག་གི་ཚབ་བྱས་ཏེ་གློག་རྡུལ་ཕྲ་མཐོང་མེ་ལོང་ཅི་ཞིག་ལ་གསར་གཏོད་མི་བྱེད་པའི་རྒྱུ་མཚན་གང་ཞེ་ན། དེའི་རྒྱུ་རྐྱེན་གཙོ་བོའི་ནང་གི་གཅིག་ནི། ཁོང་རྣམ་པ་ཚན་རིག་ཚོད་ལྟ་དང་བར་ཐག་ཤིན་ཏུ་རིང་བ་དེ་རེད། ཡིན་ནའང་ལུའུ་སི་ཁཱ་དང་ཁི་ནོར་གྱིས་མི་རྣམས་ཀྱི་ཕྱོགས་རིས་ཀྱི་ལྟ་ཚུལ་དང་སྐྱོན་འདོགས་པ་ཁྱད་གསོད་བྱེད་ཕོད་པ་དང་། ལག་ལེན་གྱི་སྙིང་སྟོབས་ཆེན་པོ་ལྡན་པས། མཐར་གློག་རྡུལ་ཕྲ་ཤེལ་གསར་གཏོད་བགྱིས་པ་རེད།

དུས་སྔ་མའི་གློག་རྡུལ་ཕྲ་མཐོང་མེ་ལོང་ནི་སྒྲིབ་མེད་ཅན་གྱི་གློག་རྡུལ་ཕྲ་མཐོང་མེ་ལོང་ཡིན་ལ། ཕྱིས་སུ་ཡང་གློག་རྡུལ་འདྲ་བཤུ་ཕྲ་མཐོང་མེ་ལོང་དང་ལྡོག་འགྱེད་གློག་རྡུལ་ཕྲ་མཐོང་མེ་ལོང་ལ་སོགས་པའི་གློག་རྡུལ་ཕྲ་མཐོང་མེ་ལོང་རྣམ་པ་སྣ་ཚོགས་བྱུང་། ཡིན་ནའང་གློག་རྡུལ་ཕྲ་མཐོང་མེ་ལོང་ལ་ཞན་ཆ་ཞིག་ཡོད་པ་ནི། ཆུའི་ནང་ནས་རྡོལ་ལྟ་བྱེད་མི་ཐུབ་པ་དེ་རེད། 1986ལོར། ཁི་ནོར་ཚེ་ལས་འདས་སྔ་བའི་རྐྱེན་གྱིས། དངོས་ཁམས་རིག་པའི་ནོ་པེར་བྱ་དགའ་ལུའུ་སི་ཁཱ(1988ལོའི་ཟླ5པའི་ནང་ཚེ་ལས་འདས)དང་ཕུག་ལམ་འདྲ་བཤུའི་ཕྲ་མཐོང་མེ་ལོང་གསར་གཏོད་བྱས་པའི་ཚན་རིག་པ་གཞན་པ་གཉིས་ལ་གནང་ངོ་། །

གོང་མ།:སྐྲ་སྟོན་བཀྲ་ཤིས་དགུ་འཛོམས། (བླ་བྲང་ཡུལ་གྱི་སྐྲ་ཕབ་ཆོ་ག)

ཞོལ་མ།:ནོར་གནག་གི་བྲག་བརྐོས་རི་མོ་དང་དེའི་རིག་གནས་ཀྱི་མཚོན་དོན་འགར་དཔྱད་པ།