ཆེད་སྒྲིག་ལེ་ཚན།
 

གསར་པར་དེབ«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ»

ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།  སྤེལ་དུས།:2024-09-02  རྩོམ་པ་པོ།:མི་རིགས་དཔེ་སྐྲུན་ཁང་།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ»ཞེས་བྱ་བའི་པོད་བདུན་གྱི་བདག་ཉིད་ཅན་འདི་ནི། མི་རིགས་དཔེ་སྐྲུན་ཁང་གིས 1997ལོར་དཔེ་སྐྲུན་བྱས་པའི«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ»གྱི་པར་གཞི་དང་པོ་གཞིར་བཟུང་སྟེ་བསྒྲིགས་པ་ཡིན། ཏག་ཏག་བགྲང་བྱ་ཉེར་བདུན་གྱི་རིང་ལ། མཁས་དབང་ཁོང་གི་ལྗགས་རྩོམ་དག་གིས་རྒྱ་ཆེའི་ཀློག་མཁན་རྣམས་ལ་བག་ཆགས་ཟབ་མོ་བཞག་པར་མ་ཟད། རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་སྡེ་རུའང་ཁོང་གི་བརྩམས་ཆོས་དག་ནི་མེད་དུ་མི་རུང་བའི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད།
ད་རེབ་མི་རིགས་དཔེ་སྐྲུན་ཁང་གིས་མཁས་དབང་ཁོང་གི་གསུང་འབུམ་གྱི་པར་གཞི་གཉིས་པའི་ནང་སྐུ་ཟླ་ཡུམ་སྐྱིད་དང་སྲས་མོ་གངས་ལྷ་སྒྲོལ་མ་གཉིས་ཀས་རམ་བུ་ལེགས་སུ་བཏེགས་ནས«རྩྭ་ཐང་གི་བྱ་གླག»ཅེས་པའི་དཔྱད་གཞིའི་མ་ཡིག་རྩ་ཆེན་ཞིག་ཀྱང་འདོན་སྤྲོད་བྱས་འདུག་ལ། སྔར་གྱི་བསྒྱུར་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་དེ་ཁག་གཉིས་སུ་བགོས་ནས་ཁྱོན་བསྡོམས་པོད་བདུན་གྱི་བདག་ཉིད་ཅན་འདི་བསྒྲིགས་པ་ཡིན།
པོད་དང་པོ། སྙན་ངག་ཕྱོགས་བསྒྲིགས་ཀྱི་ནང་དུ་ཁྱོན་བསྡོམས་སྙན་ངག་ཁག 20བསྡུས་ཡོད། 
པོད་གཉིས་པ། བརྩམས་སྒྲུང་ཕྱོགས་བསྒྲིགས་ཀྱི་ནང་དུ་ཁྱོན་བསྡོམས་བརྩམས་སྒྲུང 14བསྡུས་ཡོད། པར་གཞི་གཉིས་པའི་ནང«སྔོ་ཚལ་ཚོང་ཁང་གི་མཐོང་ཐོས»ཞེས་པའི་བརྩམས་སྒྲུང་དེ་དོར་ཡོད། རྒྱུ་མཚན་ནི་དོན་གྲུབ་རྒྱལ་གྱི་གཉེན་ཚན་དང་མཛའ་བཤེས། དགེ་གྲོགས་དང་སློབ་མ། ད་དུང་ཁོང་ལ་ཞིབ་འཇུག་བགྱི་མཁན་ཚང་མས་བརྩམས་སྒྲུང་འདི་དོན་གྲུབ་རྒྱལ་གྱིས་བརྩམས་པ་མིན་ཚུལ་མགྲིན་གཅིག་ཏུ་བརྗོད་པས་གཟོད་བླངས་པ་ཡིན། དེ་མིན་བརྩམས་སྒྲུང«“སྤྲུལ་སྐུ”»དང«“འབྲུག་མཚོ”»གཉིས་ལ་འདྲེན་རྟགས་བཞག་ཡོད་པ་འདི་ཡང་རྩོམ་མཁན་གྱི་ཐོག་མའི་ཕྱག་བྲིས་སུ་དེ་བཞིན་བཀོད་ཡོད་པས་དགོས་དབང་གིས་སོར་འཇོག་བྱས་པ་ཡིན།
པོད་གསུམ་པ། དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་དུ་ཁྱོན་བསྡོམས་དཔྱད་རྩོམ་ཁག 16བསྡུས་ཡོད།
པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས་ཀྱི་སྟོད་ཆའི་ནང་དུ་ཟློས་གར་ཁག 2དང་། བརྩམས་སྒྲུང 4 ལྷུག་རྩོམ 1 སྙན་ངག 30 ལོ་རྒྱུས་དེབ་ཐེར 1བཅས་ཁྱོན་བསྡོམས་བསྒྱུར་རྩོམ 38བསྡུས་ཡོད།
པོད་ལྔ་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས་ཀྱི་སྨད་ཆའི་ནང་དུ་ལོ་རྒྱུས་དེབ་ཐེར 1དང་། ཟུར་བཀོད 1 འགྱུར་བྱང 1 བོད་རྒྱ་ཤན་སྦྱར་གྱི་རེའུ་མིག 1 ད་དུང་དབྱང་ཞའོ (杨啸)ཡིས་བརྩམས་པའི་སྙན་ངག་རིང་མོ«རྩྭ་ཐང་གི་བྱ་གླག»བཅས་ཁྱོན་བསྡོམས་བསྒྱུར་རྩོམ 5བསྡུས་ཡོད། «རྩྭ་ཐང་གི་བྱ་གླག»ཅེས་པའི་ཕྱག་བྲིས་ནི་གསར་དུ་ལག་སོན་བྱུང་བ་ཡིན་ཡང་། མ་ཟིན་ལ་སྲུང་སྐྱོབ་མ་ལེགས་པས་བརླན་བརྒྱབ་སྟེ་ཡིག་འབྲུ་མང་པོ་དེ་འདྲ་གསལ་པོ་མིན་ཡང་། ང་ཚོས་ཕྱག་བྲིས་རྩ་ཆེན་འདི་ཉར་ཚགས་བྱ་ཆེད། པར་གཟུགས་སུ་ཇི་བཞིན་བཀོད་ནས་ཁ་སྣོན་བྱས་པ་ཡིན།
པོད་དྲུག་པ། འགྲེལ་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་དུ« དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས ཀྱི་ཚིགས་སུ་བཅད་པའི་སྙན་ངག་གི་འགྲེལ་བ་གོ་མཛོད་འབྱེད་པའི་ལྡེ་མིག»སོགས་ཁྱོན་བསྡོམས་འགྲེལ་རྩོམ 6བསྡུས་ཡོད།
པོད་བདུན་པ། ཐོར་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་དུ་ལྷུག་རྩོམ་དང་ཁ་ཤགས། སློབ་ཁྲིད་ཟིན་བྲིས་དང་འཕྲིན་ཡིག་བཅས་ཁྱོན་བསྡོམས་ལྗགས་རྩོམ 16བསྡུས་ཡོད།
«དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།»དེབ་སྤུས་ལེགས་མ།
ད་རེས་པར་གཞི་འདི་ནི་པར་གཞི་དང་པོའི་ཡི་གེ་རེ་རེ་ཡང་བསྐྱར་གློག་ཀླད་ནང་དུ་གཏགས་ནས་གྲུབ་པ་ཡིན་པས། རྩོམ་སྒྲིག་པ་དག་གིས་པར་གཞི་དང་པོ་དང་དཔེ་བསྡུར་ལན་མང་བྱས་ཏེ་དག་ཆ་ཐོན་གང་ཐུབ་བྱས་པར་མ་ཟད། པར་གཞི་གཉིས་ཀའི་གང་ཡིན་ཡང་མངོན་གསལ་རྩོད་མེད་ཀྱི་ཡིག་ནོར་རེ་འགའ་དང་དཔེ་སྐྲུན་ཁྲོད་ཤོར་བའི་ཟློས་སྐྱོན་གྱི་ཚིག་ལུད་རེ་ཟུང་བཅོས་པ་ལས་ཕལ་ཆེ་བ་རང་འཇགས་སུ་བཞག་པ་དང་། མ་ཟིན་ནང་ཡིག་ངོ་ཆོད་དཀའ་བ་དང་ལུང་ཁུངས་ལག་ཏུ་མ་ཆུད་པ་སོགས་དོགས་གཞིའི་རིགས་ལ་དཔྱད་པ་ཡང་ཡང་གཏོང་ཁུལ་བྱས་ཀྱང་ངེས་ཤེས་འདྲོངས་པའི་གདེང་སྤོབས་མ་མཆིས། ལྗགས་རྩོམ་འགའ་ཞིག་ཏུ་ཡིག་འབྲུ་རེ་གཉིས་ཆད་ལྷག་ཤོར་ཏེ་ཚིག་རྐང་དོ་མ་མཉམ་པ་དེ་ཧ་ལམ་པར་གཞི་དང་པོའི་སྐབས་སུ་འཐུས་ཤོར་བྱུང་བར་དོགས་པས། ང་ཚོས་སྐབས་བབ་ཀྱི་བརྗོད་བྱར་གཞིགས་ཏེ་ཁ་སྐོང་བྱས་ཡོད་ཅེས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་དག་གིས་གསུངས་སོ། །

གོང་མ།:ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་དུ་གསུང་བཤད་གལ་ཆེན་གནང་།

ཞོལ་མ།:ཅི་ཞིག་ལ་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་ཟེར།