ཆེད་སྒྲིག་ལེ་ཚན།
 

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་འགའ་ཤས་སྐོར་གྱི་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས》ཁྱབ་བསྒྲགས་བྱས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-04-14  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས9ཉིན《ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་འགའ་ཤས་སྐོར་གྱི་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་དོན་དངོས་དང་འབྲེལ་ཡོད་གནད་དོན་ཐད་ཀྱི་གསལ་བཤད་ཀྱི་སྲིད་ཇུས་ལངས་ཕྱོགས་གསལ་པོར་བཟོས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལ་སྔོན་འགྲོའི་གཏམ་དང་མཇུག་བསྡུའི་གཏམ་ཕུད་བསྡོམས་པས་ཚན་པ་དྲུག་ཏུ་དབྱེ་ཡོད་པ་སྟེ། སོ་སོ་ནི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་དབར་གྱི་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་ཁེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དུས་རིམ་དང་པོའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་ལག་བསྟར་ནན་ཏན་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་དུས་རིམ་དང་པོའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་སྐོར་གྱི་འབྲེལ་ཡོད་འོས་འགན་ལ་རྒྱབ་འགལ་བྱས་ཡོད། ཀྲུང་གོས་རང་དབང་ཉོ་ཚོང་གི་འདུ་ཤེས་ལག་བསྟར་བྱས་ཏེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་ཏན་བྱས་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱིས་ཕྱོགས་གཉིས་དང་དཔལ་འབྱོར་ཉོ་ཚོང་བར་གྱི་འབྲེལ་བ་འཕེལ་རྒྱས་ལ་གནོད་སྐྱོན་བཟོས་ཡོད། ཀྲུང་གོ་དང་ཨ་རིས་འདྲ་མཉམ་གླེང་མོལ་དང་གཉིས་ཕན་མཉམ་ལས་བྱས་ནས་དཔལ་འབྱོར་ཉོ་ཚོང་དབར་གྱི་མི་མཐུན་པའི་ཆ་ཐག་གཅོད་བྱས་ཆོག་པ་བཅས་ཡིན།

རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ལོ་ངོ46རིང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་དང་ཨ་རིའི་ཉོ་འཚོང་དངུལ་འབོར་ནི1979ལོར་ཨ་སྒོར་དུང་ཕྱུར25ཙམ་ནས2024ལོར་ཨ་སྒོར་དུང་ཕྱུར6883བར་འཕར་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་། ཨ་རིའི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་མགོ་བརྩམས་ནས། ཀྲུང་གོ་དང་ཨ་རིའི་རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་འགལ་རྐྱེན་ཐེབས་ཡོད། 2018ལོར་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་དབར་གཙུབ་བརྡར་བྱུང་ཚུན། ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་ལ་སྒོ་ཁྲལ་ཨ་སྒོར་དུང་ཕྱུར5000ཡན་བསྣན་ནས། རྒྱུན་མཐུད་སྒོས་ཀྲུང་གོར་བཀག་འགོག་དང་གནོན་ཤུགས་གཏོང་བའི་སྲིད་ཇུས་བཏོན་པ་རེད། ཀྲུང་གོའི་ཕྱོགས་གྱིས་བྱེད་ཐབས་ལ་ཁ་གཏད་ནུས་ལྡན་བཏང་ནས། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མི་བྱེད་ཐབས་མེད་བྱུང་ཡོད། དེ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་གྱིས་རྩོད་གཞི་ཐག་གཅོད་བྱེད་པའི་གཞི་རྩའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཨ་རི་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་གྲོས་མོལ་རེས་སྐོར་མང་པོ་བྱས་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཧུར་ཐག་གིས་བརྟན་རླིང་དུ་བཏང་ཡོད།

རྒྱབ་ཤ་དཀར་པོའི་ནང་བསྟན་དོན། ཉེ་ཆར་ཨ་རི་ཕྱོགས་ཀྱིས་སྔ་རྗེས་སུ“ཨ་མེ་རི་ཁ་ཨང་དང་པོ”ཡི་ཉོ་ཚོང་དང་། དངུལ་གཏོང་སྲིད་ཇུས་དྲན་ཐོ། “ཨ་མེ་རི་ཁ་ཨང་དང་པོ”ཡི་ཉོ་ཚོང་སྲིད་ཇུས་སྙན་ཞུ་ལག་བསྟར་གནད་བསྡུས་བཅས་ཁྱབ་བསྒྲགས་བྱས་ནས། ཀྲུང་གོའི་ཐོན་རྫས་ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་འཕར་མ་བསྡུ་བ་དང་། དེའི་ནང་ཧྥན་ཐའེ་ཉི་སོགས་ཀྱི་གནད་དོན་རྒྱུ་མཚན་དུ་བྱས་ནས་ཀྲུང་གོར་སྒོ་ཁྲལ་དང་། “འདྲ་མཚུངས་སྒོ་ཁྲལ”བསྡུས་པ་མ་ཟད50%ཡི་སྒོ་ཁྲལ་ཁ་སྣོན་བྱས། ད་དུང་ཀྲུང་གོའི་མཚོ་དོན་དང་། ཟོག་འགྲུལ། གྲུ་གཟིངས་བཟོ་སྐྲུན་ལས་རིགས་བཅས་ལ་གྲུ་ཁའི་གྲོན་དངུལ་བསྡུ་བ་སོགས་བརྟག་དཔྱད་ཚོད་འཛིན་བྱེད་ཐབས301བཏོན་ཡོད། སྒོ་ཁྲལ་སོགས་འཇིགས་སྐུལ་དང་བཙན་བསྐུལ་ཡིན་པའི་ཚོད་འཛིན་བྱེད་ཐབས་དེ་དག་ནི་ནོར་འཁྲུལ་ཐོག་ནོར་འཁྲུལ་བསྣན་པ་ཡིན་པས། ཨ་རི་ཕྱོགས་ཀྱི་དཔེ་མཚོན་རང་བཞིན་གྱི་ཕྱོགས་རྐྱང་རིང་ལུགས་དང་བཙན་ཤེད་རིང་ལུགས་ཀྱི་ངོ་བོ་སླར་ཡང་མངོན་ཡོད་ལ། དེ་ཁྲོམ་རའི་དཔལ་འབྱོར་ཆོས་ཉིད་ལ་རྒྱབ་འགལ་བྱས་པར་མ་ཟད། ཕྱོགས་མང་རིང་ལུགས་དང་དེ་བས་རྒྱབ་འགལ་དུ་སོང་བས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་བར་གྱི་འབྲེལ་བར་ཤུགས་རྐྱེན་ཚབས་ཆེན་འབྱུང་སྲིད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་དགོས་ངེས་ཀྱི་ངོ་རྒོལ་བྱེད་ཐབས་སྤྱད་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་རི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་ངོ་བོ་ནི། གཉིས་ཕན་མཉམ་ཁེ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། འཕེལ་རྒྱས་དུས་མཚམས་དང་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་མི་མཐུན་པའི་ཆ་དང་གཙུབ་བརྡར་བྱུང་བ་ནི་རྒྱུན་ལྡན་ཞིག་ཡིན་ཞིང་། འགག་རྩ་ནི་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ཏེ། སྐད་ཆ་ཤོད་རེས་དང་གྲོས་མོལ་གྱིས་གནད་དོན་ཐག་གཅོད་འོས་འཚམ་བྱེད་པའི་ཐབས་ཤེས་འཚོལ་རྒྱུ་དེ་ཡིན། ཉོ་འཚོང་གཡུལ་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་སྲུང་སྐྱོང་རིང་ལུགས་ལ་ཐར་ལམ་མེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ལ་རྒྱལ་ཁབ་ཐོབ་པ་ནི་ཕན་ཚུན་གྱི་ངོས་ནས་བཤད་ན་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན། ཨ་རི་ཕྱོགས་དང་ཀྲུང་གོ་ཕྱོགས་གཉིས་ཕན་ཚུན་མཉམ་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཁ་པར་ཐོག་བསྟན་པའི་ཁ་ཕྱོགས་གཞིར་བཟུང་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་ཐོག་ནས། འདྲ་མཉམ་གྲོས་མོལ་དང་གླེང་མོལ་བྱས་ཏེ་རང་སོ་སོའི་དོ་ཁུར་ཐག་གཅོད་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། །

གོང་མ།:བང་སོ་འདི་ནས་ཐོན་པའི་དབུ་ཞྭ་དང་གཡུ་ཡི་ཕྲ་བཏབ་པའི་གསེར་ཕོར་ལ་འོད་མདངས་འཚེར།

ཞོལ་མ།:ཝུའུ་ཞའོ་ཅུན་གྱིས་ལྗང་མདོག་རྩིས་རྒྱག་དང་གློག་ཤུགས་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ཞེས་བསྟན།