ཆེད་སྒྲིག་ལེ་ཚན།
 

ཧ་པོ་རྒྱང་ཤེལ་གྱིས། མཁའ་དབྱིངས་ཆེན་མོ་མཐོང་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-06-20  རྩོམ་པ་པོ།:མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཧ་པོ། ཨ་རིའི་གནམ་དཔྱད་རིག་པ་བ་དང་། སྐར་མའི་ཁྱིམ་རྒྱུད་ཀྱི་གནམ་དཔྱད་རིག་པའི་རྨང་གཞི་འདིང་མཁན། མཁའ་དབྱིངས་གནམ་དཔྱད་རིག་པ་གསར་གཏོད་མཛད་མཁན་བཅས་ཡིན།

དུས་རབས20པའི་དུས་མགོར། གནམ་དཔྱད་རིག་པ་བ་མང་ཆེ་བས་མཁའ་དབྱིངས་ལས་དགུ་ཚིགས་ཁྱིམ་རྒྱུད་སྦོས་ཐོན་བྱེད་མི་སྲིད་སྙམ་འདུག ཡིན་ཡང1924ལོར་ཨ་རིའི་གནམ་དཔྱད་རིག་པ་བ་མི་བུ་ཤེས་རབ་ཅན་ཧ་པོ་ཡིས་དུས་སྐབས་དེའི་རྒྱང་ཤེལ་ཆེ་ཤོས་ལས་ལྷ་མོ་སྐར་ཁྱིམ་ཁྲོད་ཀྱི་སྐར་སྤྲིན་ནི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་རླུང་གཟུགས་མིན་པར། དེ་ནི་རྩ་བ་ནས་ཡན་གར་གནས་པའི་སྐར་མའི་ཁྱིམ་རྒྱུད་ཅིག་ཡིན་པ་ཚོར། དེ་གསལ་པོར་བཤད་ན་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཕན་ཆད་དུ་ད་རུང་སྐར་མའི་ཁྱིམ་རྒྱུད་གང་མང་ཞིག་གནས། ཧ་པོའི་གསར་རྙེད་དེས་གནམ་དཔྱད་རིག་པ་བ་ཚོས་མཁའ་དབྱིངས་ལ་འཛིན་པའི་བཞེད་ཚུལ་མི་བསྒྱུར་ཀ་མེད་བཟོས་ལ། ཧ་པོས་སྐར་མའི་ཁྱིམ་རྒྱུད་ཀྱི་དབྱེ་བ་འབྱེད་པའི་ཐབས་ཤེས་དེ་དུས་ད་ལྟ་ད་རུང་བཀོལ་སྤྱོད་བྱེད་བཞིན་མཆིས། །

ཨ་རིའི་གནམ་དཔྱད་རིག་པ་བ་ཨེ་ཏི་ཝིན·ཧ་པོ་ནི་དེང་རབས་མཁའ་དབྱིངས་ཀྱི་གཞུང་ལུགས་ཞིབ་འཇུག་བྱེད་མཁན་གྱི་ཁྲོད་དུ་སྙན་པའི་གྲགས་པ་ཆེས་ཆེ་བའི་མི་སྣའི་ནང་གི་གཅིག་ཡིན།  ཁོང་ཉིད་ལོ་ན་གཞོན་པའི་དུས་ནས་གནམ་དཔྱད་རིག་པར་དགའ་ཞེན་ཆེ། 1910ལོར་ཨ་རིའི་ཀྲི་ཅ་ཀོ་སློབ་ཆེན་གྱི་གནམ་རིག་ཚན་ཁག་ནས་སློབ་རིམ་མ་ཐིམ་པར་སློབ་གྲྭ་ནས་བུད་རྗེས། ཕ་རྒན་གྱིས་ཁོང་ཉིད་ལ་བཅའ་ཁྲིམས་སློབ་གཉེར་བྱེད་རྒྱུའི་རེ་བ་བཅངས་ཡོད་པའི་དབང་གིས། ཁོང་གིས་དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་གྱི་རྒྱལ་མོའི་སློབ་གླིང་ནས་བཅའ་ཁྲིམས་གཙོ་སྦྱོང་བྱས།   1913ལོར་ཨ་རིའི་ཡུལ་ཁིན་ཐ་ཅི་མངའ་སྡེ་ལ་ཕྱིར་ལོག་སྟེ་ཁྲིམས་ལུགས་ལས་གཉེར་ཁང་ཞིག་ཕྱེ། ཡིན་ནའང་དུས་ཡུན་རིང་པོ་མ་འགོར་བར་ཁོང་གིས་ཁྲིམས་རྩོད་པ་བྱེད་རྒྱུ་མིན་པའི་སེམས་ཐག་བཅད་དེ་ཡང་བསྐྱར་གནམ་དཔྱད་རིག་པ་ལ་སློབ་གཉེར་བྱས་པ་སྟེ། 1914ལོར་ཧ་པོས་ཡེ་ཁའེ་ཧྲི་གནམ་རིག་ལས་ཁུངས་ནས་ཟབ་སྦྱོང་བྱས་ཤིང་། 1917ལོར་གནས་ལུགས་རིག་པའི་རབ་འབྱམས་པའི་བསླབས་གནས་བླངས།

ཧ་པོས་གནམ་རིག་ལས་ཁུངས་ནས་རྒྱང་ཤེལ་གྱིས་མཚན་མོའི་མཁའ་དབྱིངས་ལ་ལྟ་ཞིབ་བགྱིས་ཤིང་། ཞིབ་འཇུག་བྱ་གཞི་ནི་གནམ་དཔྱད་རིག་པ་བ་ཚོས་ལན་མ་ཕོག་པའི་གནད་དོན་ཆེན་པོ་ཞིག་སྟེ—ཅི་ཞིག་ལ་སྐར་སྤྲིན་ཟེར་བ་དང་འབྲེལ་འདུག སྐབས་ཐོག་དེར་གནམ་དཔྱད་རིག་པ་བ་ལ་ལས་བལྟས་ན། སྐར་སྤྲིན་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བའི་མཁའ་དབྱིངས་གླིང་ཕྲན་ཞིག་རེད་སྙམ་འདུག

དོན་དངོས་སུ་འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་ཀྱི1919ལོར། དགུང་ལོ30ཡིན་པའི་ཧ་པོ་ཁོང་ཉིད་གནམ་དཔྱད་རིག་པ་བ་ཞིག་གིས་མཚམས་སྦྱོར་བྱས་ཏེ་ཨ་རིའི་ཡུལ་ཁ་ལི་ཧྥོར་ཉི་ཡ་མངའ་སྡེའི་ལྷོ་ཕྱོགས་ཀྱི་ཝེ་ཨར་ཞུན་རི་བོའི་གནམ་རིག་ལས་ཁུངས་སུ་སོང་ནས་ལས་འགན་བཞེས་ཏེ། ནུས་རྩལ་གང་ཡོད་བཏོན་ནས་སྐར་མའི་ཁྱིམ་རྒྱུད་ལ་དངོས་སུ་ཐིག་ལེན་དང་ཞིབ་འཇུག་གི་སྦྱོར་བ་དོན་དུ་གཉེར། གནམ་རིག་ཁང་དེར་སྐབས་ཐོག་དེར་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་རྒྱང་ཤེལ་ཞིག་ཡོད་པ་དེའི་ཤེལ་ལེབ་ཀྱི་སྒོར་མོའི་ཚངས་ཐིག་ལ་སྨི2.5ཡོད་ཅིང་། དེས་མི་ལོ25རིང་ལ་འཛམ་གླིང་སྟེང་དུ་རྒྱང་ཤེལ་ཆེས་ཆེ་བ་ཡིན་པ་རྒྱུན་འཛིན་བྱས་ཤིང་། རྒྱང་ཤེལ་དེས་ཧ་པོས་ལྟ་ཞིབ་ཐིག་ལེན་དང་ཞིབ་འཇུག་ལ་སྟབས་བདེ་ཧ་ཅང་ཆེན་པོ་བཟོས།

དུས་སྐབས་དེ་ནི་དུས་རབས20པའི་ལོ་རབས20པའི་སྔ་གཞུག་ཡིན་ལ། གནམ་རིག་ལས་ཁུངས་ཀྱི་ལྟ་ཞིབ་ཐིག་ལེན་ཆ་རྐྱེན་ནི་སྔར་བཞིན་ཧ་ཅང་ཐབས་ཆག་ཡིན་པས། ཁ་ཚད་སྨི2.5ཅན་གྱི་རྒྱང་ཤེལ་བཀོལ་སྤྱོད་བྱེད་ཚེ་དཀའ་ལས་ཆེན་པོ་རྒྱག་དགོས་པར་མ་ཟད། དུས་རྟག་ཏུ་ཆག་སྐྱོན་འབྱུང་བ་རེད། ཡིན་ཡང་སྐར་མའི་ཁྱིམ་རྒྱུད་ནི་འོད་ཁུངས་ཧ་ཅང་མུན་ནག་ཅིག་ཡིན་པས། དེ་དག་གི་འོད་རིམ་གྱི་འདྲ་པར་ལེན་ཆེད། དེའི་སྐབས་སུ་འོད་ཕོག་ཏུ་འཇུག་པར་རྟག་པར་ཆུ་ཚོད་སྐར་མ་བཅུ་ཁ་ནས་ཐ་ན་ཆུ་ཚོད་འགའ་རེའི་རིང་ལ་བསྒུག་དགོས་པ་ལས་གཞན། དེའི་བར་དུ་ད་རུང་ངེས་པར་དམིགས་འབེན་དུ་གྱུར་པའི་སྐར་མའི་ཁྱིམ་རྒྱུད་ལ་རྗེས་འདེད་གནད་དུ་འཁེལ་བ་བྱེད་དགོས་པ་རེད། སྐར་མའི་ཁྱིམ་རྒྱུད་ཀྱི་འོད་རིམ་གསལ་པོ་ཞིག་གང་ནུས་ཅི་ཐུབ་སྒོས་ལོན་ཆེད། ཧ་པོས་ལྟ་ཞིབ་ཐིག་ལེན་བྱེད་ཚེ་རང་ཉིད་ཀྱི་ཕྲག་པས་ཤེལ་མདོང་ཆེན་པོ་ལ་གཏད་བརྒྱབ་ནས་མི་འདུག་ཀ་མེད་བྱུང་། སྐབས་དེར་མི་རྣམས་ཀྱིས་ཧ་པོ་ལ —"གྲང་ནས་འཁེང་པའི་སྤྲེའུ་ཞིག་དང་འདྲ"ཞེས་ཟེར་ཞིང་། མཚན་གང་བོར་ལྔ་ཐོག་གི་རྒྱང་ཤེལ་ལྟ་ཞིབ་ཐིག་ལེན་ཁང་དུ་བསྡད་པས།"གདོང་ལ་སྒྲོན་འོད་དམར་ནག་བརྒྱབ་པས་བཟོ་ལྟ་ངན་པའི་ཨ་ཙ་ར་ཞིག་དང་འདྲ"ཞེས་འཕྱ་སྨོད་བྱས།

དེ་ཡང་གཟབ་ནན་གྱི་ཚན་རིག་གི་རྣམ་འགྱུར་དང་གཏན་ཚུགས་ཀྱི་ཚན་རིག་གི་རྩད་གཅོད་ཞིབ་དཔྱད་ཀྱི་སྙིང་སྟོབས་ལ་བརྟེན་ནས། མཐའ་མར་ཧ་པོ་ལ་གལ་འགངས་ཆེ་བའི་གསར་རྙེད་སྟོན་རྒྱུ་ཡོད་པར་གྱུར། 1923ལོའི་སྔ་གཞུག་ཏུ། ཧ་པོས་རྒྱང་ཤེལ་གྱིས་ལྷ་མོ་སྐར་ཁྱིམ་གྱི་སྐར་སྤྲིན་ཆེན་པོའི་འདྲ་པར་བླངས། འདྲ་པར་དེའི་སྟེང་ནས་སྐར་སྤྲིན་གྱི་ཕྱི་སྐོར་དུ་ཡོད་པའི་བརྟན་སྐར་གསལ་པོ་ཡིན་པ་གསལ་འབྱེད་བྱེད་ཐུབ་ཅིང་། བརྟན་སྐར་དེ་དག་གི་ཁྲོད་དུ། ཁོང་གིས་དེའི་ནང་གི་ཙའོ་ཧྥུ་འགྱུར་སྐར(造父变星)ཨང་དང་པོ་གང་ཡིན་པ་མཐའ་གཅིག་ཏུ་ངོས་འཛིན་བྱས།   དེའི་རྗེས་ཀྱི་ལོ་གཅིག་གི་ནང་དུ། ཁོང་གིས་བསྡོམས་པས་ཙའོ་ཧྥུ་འགྱུར་སྐར12རྙེད་ཡོད་པ་རེད། ཙའོ་ཧྥུ་འགྱུར་སྐར་དེ་དག་ལྷ་མོ་སྐར་ཁྱིམ་གྱི་སྐར་སྤྲིན་ཆེན་པོའི་ཕྱི་སྐོར་གྱི་ཁྱབ་ཁོངས་སུ་གནས་ཤིང་།དེ་དག་ནི་འོད་ཚད་ལ་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་ལྡན་པའི་བརྟན་སྐར་གྱི་སྐར་ཚོགས་རེད།

1924ལོར། ཁོང་གིས་ཡང་ལྷ་མོ་སྐར་ཁྱིམ་གྱི་སྐར་སྤྲིན་ཆེན་པོའི་ཁྲོད་དུ་ཙའོ་ཧྥུ་འགྱུར་སྐར་སྔར་བས་མང་པོ་ཞིག་མཐའ་གཅིག་ཏུ་ངོས་འཛིན་བྱས་པ་དང་སྦྲགས། ཟུར་གསུམ་སྐར་ཚོམ་དང་མི་རྟ་སྐར་ཚོམ་གྱི་སྤྲིན་སྐར་གྱི་ཁྲོད་དུ་ཙའོ་ཧྥུ་འགྱུར་སྐར་གཞན་པ་ཁ་ཤས་མཐོང་། ཁོང་ཉིད་ཀྱིས་ཙའོ་ཧྥུ་འགྱུར་སྐར་དེ་དག་གི་འོད་ཀྱི་གསལ་ཚད་གཞིར་བཟུང་ནས་མཐའ་འོད་ཀྱི་འབྲེལ་བ་གཏན་ལ་ཕབ་སྟེ། ལྷ་མོ་སྐར་ཁྱིམ་གྱི་སྐར་སྤྲིན་ནས་སའི་གོ་ལའི་བར་གྱི་བར་ཐག་ལ་ཧ་ལམ་འོད་ལོ་ཁྲི90ཡོད་པ་དང་། དགུ་ཚིགས་ཁྱིམ་རྒྱུད་ཀྱི་སྒོར་མོའི་ཚངས་ཐིག་ལ་འོད་ལོ་ཁྲི10ཙམ་མ་གཏོགས་མེད་པ་རྩིས་བརྒྱབ་ནས་ཤེས་པར་གྱུར། གནས་ལུགས་དེའི་སྟེང་ནས་ཁོང་གིས་ལྷ་མོ་སྐར་ཁྱིམ་གྱི་སྐར་སྤྲིན་དེ་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཕན་ཆད་དུ་གནས་པ་འདེད་རྩིས་བརྒྱབ་ནས་རྟོགས་ཤིང་། དགུ་ཚིགས་ཁྱིམ་རྒྱུད་དང་འདྲ་བར་དེ་དག་ཚང་མ་བརྟན་སྐར་ཁྱིམ་རྒྱུད་ཡིན་པ་གཏན་ལ་ཕབ། དེ་བཞིན་དུ་ཟུར་གསུམ་སྐར་ཚོམ་གྱི་སྐར་སྤྲིན་དང་མི་རྟ་སྐར་ཚོམ་གྱི་སྐར་སྤྲིན་ཡང་དགུ་ཚིགས་ཁྱིམ་རྒྱུད་ཀྱི་ཕན་ཆད་དུ་གནས་པ་ཤེས། གསར་རྙེད་དེས་སྐྱེ་བོ་ཀུན་གྱིས་སྐབས་ཐོག་དེར་མཁའ་དབྱིངས་ལ་འཛིན་པའི་ལྟ་སྟངས་རྩིས་མེད་དུ་བཏང་སྟབས། ཧ་པོ་ཁོང་ཉིད་དེར་བརྟེན་ནས་སྐར་མའི་ཁྱིམ་རྒྱུད་ཀྱི་གནམ་དཔྱད་རིག་པའི་རྨང་གཞི་འདིང་མཁན་དང་མཁའ་དབྱིངས་ལྟ་ཞིབ་ཐིག་ལེན་རིག་པའི་གསར་གཏོད་མཁན་པོ་རུ་གྱུར་པ་རེད།

ཕྱིས་སུ། ཧ་པོས་སྐར་མའི་ཁྱིམ་རྒྱུད46ལ་ཞིབ་འཇུག་བྱས། ཁོང་ཉིད་ཀྱིས་སྐར་མའི་ཁྱིམ་རྒྱུད་ཀྱི་དབྱེ་བ་བཀར་བ་ལས་གཞན། ད་རུང་སྐར་མའི་ཁྱིམ་རྒྱུད་དེ་སའི་གོ་ལ་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་ལ། རྒྱང་ཐག་ལྷག་ཏུ་རིང་བའི་སྐར་མའི་ཁྱིམ་རྒྱུད་ཐག་ཇེ་རིང་དུ་འགྲོ་བའི་མྱུར་ཚད་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པ་ཤེས་སོང་། ཚན་རིག་གི་ངེས་སྲོལ་འདི་ལ་ཕྱིས་སུ"ཧ་པོ་ངེས་སྲོལ"ཟེར། དེར་མ་ཟད་ཧ་པོའི་ཞིབ་འཇུག་གིས་ད་རུང་དུས་རབས20པའི་གནམ་རིག་གི་གསར་རྙེད་གལ་ཆེན—མཁའ་དབྱིངས་སྦོས་སྐྱེད་བྱེད་ཀྱིན་འདུག་པ་ལ་ཁྲིད་སྟོན་བྱས། དེའི་རྒྱུ་མཚན་ནི་སྔོན་ཆད་མི་རྣམས་ཀྱི་བསམ་པར་དུས་ནམ་ཡིན་ཡང་མཁའ་དབྱིངས་ནི་འགྱུར་བ་མེད་པ་ཞིག་ཡིན་སྙམ་འདུག་པས་རེད། ཧ་པོས་ད་རུང་མཁའ་དབྱིངས་སྦོས་སྐྱེད་ཀྱི་མྱུར་ཚད་ནི་བརྟན་གྲངས་ཤིག་ཡིན་པ་རྟོགས་པས། མཁའ་དབྱིངས་ཆེན་མོར་ཞིབ་དཔྱད་བགྱིད་པའི་ཤོག་ལྷེ་གསར་པ་ཞིག་གི་ཁ་ཕྱེའོ། །

གོང་མ།:རྐྱེན་འདི་དག་གིས་མཆིན་པར་གནོད་ཀྱིན་འདུག

ཞོལ་མ།:བྱེ་མའི་ལམ་གྱིས་འབྲོག་པར་བདེ་སྐྱིད་བསྐྲུན།