བྱིས་དུས་ཀྱི་སྣང་ངོའི་སྒྲུང་ཞེས་པ་ནི་ཕ་རྒན་གྱི《ཧོར་གླིང་གཡུལ་འགྱེད》ལྟ་བུའི་སྒྲུང་དཔེ་སྣུམ་ལོག་མ་དེ་དང་། པར་རིས་ཞེ་ན་ལུས་ལ་འཁོར་གསུམ་མནབས་པའི་གླིང་གེ་སར་རྒྱལ་པོའི་དཔའ་ཉམས་དེ་ཡིན་ངེས་སྙམ།
ཕྱིས་སུ《མི་རོ་རྩེ་སྒྲུང》དང་གནའ་གཏམ་འགའ་ཡིས་ཡིད་བཀུགས་ཤིང་དེ་ལ་བརྟེན་ནས་བོད་ཡིག་འབྲི་ཀློག་ལ་རྨང་གཞི་ཕྲན་ཙམ་ཐོབ། དགོངས་དག ཁྱེད་ཀྱིས“རྨང་གཞི་བསྐྲུན་སོང་"ཞེས་པ་དེ་འུད་བསྟོད་ཀྱི་སྐད་ཆ་ཞིག་རེད་བསམ་ངེས་མོད། ཏག་ཏག་སློབ་ཆུང་གི་གྲ་སྒྲིག་འཛིན་གྲྭར་ཞུགས་ནས་ཡུན་རིང་མ་ལོན་པའི་ཉིན་ཞིག་ལ་ངས་འཛིན་གྲྭའི་སྐྱོར་དཔོན་གྱི་ངག་བཀོད་ལྟར་དུ། སྒྲིག་ལམ་མི་བསྲུང་བའི་སློབ་གྲོགས་འགའི་མིང་ཐོ་ཤོག་བྱང་ཞིག་གི་སྟེང་ལ་བྲིས།
“མིང་འདི་དག་སུས་བྲིས་པ་ཡིན"སློབ་ཁྲིད་འཚོགས་མ་ཐག་འཛིན་བདག་དགེ་རྒན་གྱིས་ཡ་མཚར་བའི་ངང་འཛིན་གྲྭ་གང་བོར་མིག་ཉུལ་ཐེངས་ཤིག་བྱས།
སྐབས་དེར་སྐྱོར་དཔོན་ཡང་སྐྲག་ཐག་ཆོད་དེ“ངས་བྲིས་པ་མིན"ཟེར།
“ངས་འབྲི་མཁན་སུ་ཡིན་ཤེས་འདོད་པ་དེ་ཡིན"དགེ་རྒན་ཅུང་ཙམ་ཁྲོས་འདུག་པའི་བཟོ་ལྟ་དེས་ངའི་ངོ་གདོང་ཚ་ལམ་ལམ་དུ་བཏང་བྱུང་ལ། ལྗིད་ཏིག་ཏིག་དུ་སྣང་བའི་ལུས་པོ་དེ་འདར་འདར་ངང་ཡར་ལངས་ནས“ང་ཡིན"ཞེས་གསལ་ལ་མི་གསལ་བའི་ལན་ཞིག་བཏབ།

འཛིན་བདག་དགེ་རྒན་གྱིས“ང་ཡིན"ཞེས་པ་གོ་ཡོད་མེད་མ་ཤེས་མོད། ང་ཡར་ལངས་པ་དེར་ཁོང་གིས་འཛུམ་དམུལ་དམུལ་ངང“བཟང་གི གྲ་སྒྲིག་འཛིན་གྲྭའི་སློབ་མ་ཞིག་ལ་འདི་འདྲའི་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་ཡོད་པ་ངོ་མ་བློ་ཡིད་ལས་འགོང་བ་ཞིག་རེད། དེ་རིང་ནས་བཟུང་ཁྱོད་འཛིན་གྲྭའི་སློབ་སྦྱོང་གི་ཨུ་ཡོན་ལ་བསྐོས་པ་ཡིན"ཟེར།
རྒན་ལགས་ཀྱི་བསྟོད་བསྔགས་དེ་ངས་ཐོག་མར་ཕ་རྒན་ལ་བཤད་དུས། ཁོང་གིས་རང་རློམ་ཆེན་པོས“དེ་ངའི་བྱས་རྗེས་རེད"ཟེར། སྐད་ཆ་དེའང་ལོ་ངོ་བཅོ་ལྔའི་རྗེས་ཀྱི་བྱ་བའི་རྒྱུགས་ཚད་ལོངས་པ་ལ་ཕ་རྒན་གྱིས་སྔར་བཞིན“དེ་ངའི་བསང་མཆོད་བྱས་པའི་བཀའ་དྲིན་རེད"ཅེས་པ་དང་འདྲ་བོ་འདུག་མོད། ངའི་བུ་མོས་སྐད་ཆ་འཆལ་འཆོལ་ཙམ་བཤད་ཤེས་པ་ནས་བཟུང་། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ"ཚ་ལུ་མ(ཚ་མོ)རིག་རྒོད་ཅིག་རེད། ཁོམ་དུས་ཡི་གེ་རེ་ཁྲིད་རྒྱུ་མ་བརྗེད"ཟེར།
རྒྱའི་ཁ་དཔེ་ཞིག་ཏུ་ཁ་དོན་ཚིག་ལ་མི་གནས་མཁན་ཡིན་ཚེ"ཕུག་རོན་གཏོང་བ"(放鸽子)ཞེས་པའི་བཤད་ཚུལ་ཡོད་པ་ནང་བཞིན། བྱིས་སྒྲུང་རྩོམ་མཁན་ཚེ་མདོ་སྐྱིད་ལགས་ཀྱི་རིས་སྒྲུང་གི་དེབ་ཕྲེང་ལས《ཨ་ཕ་ཕུག་རོན》ནི་ནམ་ཡང་དངོས་ཟོག་སྐྱེལ་བར་བྲེལ་ནས་ཡོད་པས། ཐོག་མར་གཅེས་ཕྲུག་གི་སྐྱེ་སྐར་ལ་ཞུགས་མ་ཐུབ། བར་དུ་གཅེས་ཕྲུག་སློབ་གྲྭར་ཞུགས་པར་སྐྱེལ་མ་བྱེད་མ་ཐུབ། རིམ་བཞིན་གཅེས་ཕྲུག་གི་མཐར་ཕྱིན་དགོངས་ཚོགས་སོགས་ལའང་ཞུགས་མ་ཐུབ། རྒྱུ་ནོར་འཚོལ་བའི“དོན་ཆེན"དེ་དག་གི་ཁྲོད་དུ་གཅེས་ཕྲུག་གི་རེ་སྐུལ་རེ་རེར་ཁ་པར་གཏོང་བ་ཙམ་དང་། འཆར་ཤེལ་སྟེང་ལ་འོ་ཙམ་བྱེད་པ་ལས་འཚོ་བ་ཞེས་པའི་ཁུར་བོ་ལྕི་མོ་ཞིག་གིས“ཕུག་རོན་གཏོང་བའི"གནས་སུ་གྱར། ནང་མིའི་འབྲེལ་བ་རྒྱང་དུ་གྱེས་པའི་རིས་སྒྲུང་དེ་ངེད་ཕ་བུ་གཉིས་ཀྱིས་ཀློག་དུས། ངའི་བུ་མོ་ཧ་ལམ་ལོ་དགུ་ལ་སོན་ཡོད།
“བུ་མོར་གློ་ལུ་རྒྱབ་པ་ཅུང་ཚབས་ཆེན་རེད། ང་ཚོ་སྨན་ཁང་ལ་འགྲོ་བཞིན་ཡོད། ཁྱོད་ནམ་ཚོད་ཐོན་ནམ"ཆུང་མས་བྲེལ་འཚུབ་ཀྱིས་ང་ལ་ཁ་པར་གཏོང་དུས་ང་རང་ད་དུང་མངགས་གཏོང་གི་བྱ་བའི་ཁྲོད་དུ་འཐིམ་ནས་ཡོད། དེ་ནི་བུ་མོ་ལོ་གཅིག་ལ་བུད་དུས་ངས་ཐེངས་དང་པོར“བཏང་བའི་ཕུག་རོན"ཡིན། དེ་ལ་བཟའ་མི་གང་བོས་འཁང་ར་བྱེད་ཀྱིན་འདུག ཕྱིས་སུ་བུ་མོའི་སྐྱེས་སྐར་དང་ཁྱིམ་བདག་ཚོགས་འདུ་རབ་དང་རིམ་པ་ཞིག་ལ་ཆད་ལྷག་གམ་“ཕུག་རོན”མང་ཙམ་བཏང་རྗེས། བུ་མོས་ཀྱང་རང་གི་ཨ་མ་མ་གཏོགས་ང་ལ་རེ་བ་ཆེན་པོ་འཆང་གིན་མི་འདུག དེ་བཞིན་བུ་མོས་སྐར་འབྲས་བཟང་པོ་ཞིག་གམ་བྱ་བ་ཡག་པོ་རེ་འཁྱོངས་བའི་སྐབས་ངས་ནི་ཕ་རྒན་ནང་བཞིན“དེ་ངའི་བྱས་རྗེས་རེད"དང་ཡང་ན“དེ་ངའི་སློབ་གསོའི་འབྲས་བུ་རེད"ཅེས་སྨྲ་བའི་སྤོབས་པ་ཡེ་ནས་མི་འདུག ད་དུང་དེ་སྔོན་ངས་བུ་མོར་རིས་སྒྲུང་ཀློག་སྟངས་ཁྲིད་སྟོན་བྱེད་དུས་ཐད་གར་ནང་དོན་རྡོག་རྡོག་པོ་དེ་ཤར་མར་བཤད་པ་དང་། གཅེས་ཕྲུག་མའི་མིང་ཚིག་རེ་ཡི་དོན་མ་རྟོགས་ཚེ་ང་ནི་རྒྱ་སྐད་ཀྱི་ལམ་ནས་འགྲེལ་བ་རྒྱག་པར་གོམས་ཡོད། ཐ་ན་རིས་སྒྲུང་ནི་ཆེད་དུ་བྱིས་པར་བཟོས་པའི་གཏམ་རྒྱུད་ཁོ་ན་ཙམ་ཞིག་ཏུ་ངོས་འཛིན་བྱས་ཡོད།

ནམ་ཡང་ཆེ་བཤད་དང་མཐོ་བཤད་ལ་གོམས་ཡོད་པའི་ང་རང་གློ་བུར་དུ་གཉིད་ལས་སད་པ་ལྟར་རིས་སྒྲུང་ལ་བསམ་བློ་གཏོང་འདོད་ཀྱི་ཀུན་སློང་དེའང་《ཨ་ཕ་ཕུག་རོན》གྱིས་བསྐྱེད་པའི་ངེས་འབྱུང་ཞིག་གམ། ཡང་ན་དེབ་འདིའི་རྩོམ་པ་པོ་དང་ལབ་གླེང་བྱས་པ་ལས་རྙེད་པའི་སེམས་ཁམས་ཤིག་ཀྱང་ཡིན་སྲིད། ལྷག་པར་དུ་ཁྱ་ཁྱོག་གིས་བྲིས་པའི་རི་མོ་དེ་དག་བུ་མོར་བསྟན་ཏེ། “རི་མོ་འདི་དག་ཡག་གམ"ཞེས་དྲིས་ཚེ། མོས་ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་“ཧ་ཅང་ཡག་གི"ཟེར།
“ཡག་དེ་གང་ན་འདུག"
“ལྟོས་དང་། འདི་དག་མི་ཡག་གམ།"
ང་རང་ཐབས་ཟད་དེ་དྲ་ལམ་དུ་བཙལ་བཙལ་མཐར་རིས་སྒྲུང་ལ་རིགས་མི་འདྲ་བའི་རི་མོའི་གྲུབ་མཐའ་བདུན་ལྷག་འདུག་པས་བུ་མོས“ཡག་གི"ཞེས་པའི་མཛེས་དཔྱོད་ལ་ཡི་རངས་དང་རྒན་ལགས་ཀྱི་སྤྲོས་བརྗོད་ཀྱི་ཐབས་རྩལ་ལ་སྨོན་པ་མི་ཤོར་ཀ་མེད་བྱུང་།
དཔེར་ན་རིས་སྒྲུང་དུ"འགོ་ཁྲིད"ཀྱི་སྣང་བརྙན་མཚོན་པའི་སེང་ཕྲུག་དེ་བུ་མོའི་མཐོང་ལམ་དུ“འཇིགས་སུ་རུང་བ་ཞིག་འདུག"ཟེར་མོད། ངས་སྲོག་ཆགས་ཆུང་ཆུང་དེ་དག་ལ་དམིགས་གསལ་གྱི་ཁྱད་པར་ཞིག་ཡོད་པ་རྩ་བ་ནས་རྟོགས་མ་སོང་། ཡང་ན་ངའི་མཐོང་ལམ་དུ་རྒྱུགས་པ་ནི་རིས་སྒྲུང་གི་སྒྲོམ་དུ་གྱུར་བའི་ཡི་གེ་དེ་དག་ཁོ་ན་ཡིན་སྲིད་ལ།ཡང་ན་ང་རང་སྲོལ་རྒྱུན་རིང་ལུགས་ཏེ་གེ་སར་སྒྲུང་གི་བར་བཅུག་རི་མོ་ལྟ་བུའི་ཐིག་རིས་ཅན་གྱི་གྲུབ་མཐའ་ལ་གོམས་ཡོད་པས་ཀྱང་ཡིན་སྲིད།

གང་ལྟར་བུ་མོས“ཕུག་ཕྲུག་གི་སེམས་སྡུག་བཞིན་འདུག"ཟེར་དུས།
ངས་ཀྱང“བདེན་ཀི ངོ་གདོང་ལས་ལྷང་ལ་བུད་འདུག "ཅེས་ལན་བཏབ་མོད།
མོས“ད་དུང་ཁ་གཏད་ཀྱི་རི་མོའི་ཁྲོད་དུ་ཕུག་ཕྲུག་གི་པར་རིས་མི་འདུག"ཟེར
“་་་"
ངོ་གནོང་དགོས་པ་ཞིག་ལ་འདི་ནི་ངེད་ཕ་བུ་གཉིས་ཀྱིས་ཐེངས་དང་པོར་རིས་སྒྲུང་ཞིག་ལ་རང་རང་གི་མཐོང་སྣེ་སྤྱད་དེ་བཀླགས་པའི་མྱོང་ཚོར་ཡིན་ལ། མཚོན་ཚུལ་ཆེ་བའི་རི་མོ་དེ་དག་ལ་བལྟས་ཚེ་ང་ནི་ཞ་ར་ཞིག་དང་འདྲ་བས། ངས་རང་གི་རྗེས་ལུས་དང་མུན་འཐོམས་ལ་ཡང་བསྐྱར་ཞིབ་ལྟ་ཞིག་བྱེད་དགོས་བྱུང་།
“ཨ་ཕ། དེ་རིང་ཁྱེད་ལས་ཚོགས་ལ་འགྲོ་མི་དགོས་སམ།"
“ལོས་དགོས།"
“འོ་ན་དུས་ཚོད་ལྟར་མི་འགྲོ་བའི་རྒྱུ་མཚན་ཅི།"
“དེ་རིང་ཨ་ཕས་ཁྱོད་ལ་འདུག་རོགས་བྱེད་འདོད།"
“ཨ་ཕ་བཀའ་དྲིན་ཆེ།"
འདི་ནི་ང་རང་བྱ་བར་ཞུགས་ནས་ད་ལྟའི་བར་དུ་བུ་མོའི་ཆེད་དུ་ལས་བཤོལ་ལམ“སྒྲིག་འགལ"བྱས་པ་ཐེངས་དང་པོ་ཡིན། ལོ་འདི་དག་གི་རིང་ལ་ངའང“ཨ་ཕ་ཕུག་རོན"ནང་བཞིན། རང་གི་ནོར་འཛོལ་དང་གཞན་གྱི་སྡིགས་མོ། འགོ་ཁྲིད་ཀྱི་སྐྱོན་བརྗོད་དང་འཚོ་བ་ཡི་འུ་ཐུག་ཁྲོད། སྣེ་འཛིང་བའི“དོན་ཆེན”གང་མང་ཞིག་གི་ཀློངས་ཡངས་སུ་འཐིམ་ནས། བུ་མོ་ཇི་ལྟར་ལོ་དགུ་ལ་སོན་པའང་གསལ་བོར་གླེང་རྒྱུ་མེད་པའི་འཚོ་བའི་སྒྲུང་གི་ལེའུ་ཞིག་ཡིན། །