
པར་འདི་ནི་ཟླ7པའི་ཚེས21ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་སུ་དཔེ་སྟོན་སྒྲོག་འགྲེལ་སྤེལ་བའི་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་དཔེ་སྟོན་སྒྲོག་འགྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་ཆེད་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་གླིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ལག་བསྟར་ཡོན་ཀྲང་ཡན་ཆིང་གདན་དྲངས་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཚོགས་ར་གཙོ་བོར་མི400ལྷག་དང་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང(ཆུས་དང་གྲོང་ཁྱེར)74ཡི་མི3900ལྷག་གིས་སྒྲོག་འགྲེལ་ལ་ཉན་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་སྒྲོག་འགྲེལ་ཚོགས་འདུར་མགོ་འཛིན་གནང་།
སྒྲོག་འགྲེལ་ཚོགས་འདུའི་སྟེང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ་དང་། འབྲེལ་ཡོད་སྡེ་ཚན་སོ་སོས་སྟོབས་ཤུགས་སྤྱི་འདོམས་དང་སྨྱན་སྦྱོར་གྱི་ལེགས་ཆ་གང་ལེགས་བཏོན་ཏེ། དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་ཁྲིད་སྟོན་བྱེད་པ། ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཁྲིམས་སྐྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། མཐུན་སྦྱོར་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན། །