པར་རིས་གསར་འགྱུར།
 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་ཚོགས་ཆེན་གཏེར་ལེན་ཁ་གྲོང་ཁྱེར་དུ་བསྡུས།

ཡོང་ཁུངས།:མཚོ་ནུབ་སྨྱན་སྦྱོར་བོད་སྐད་སྡེ  སྤེལ་དུས།:2024-08-09  རྩོམ་པ་པོ།:མཚོ་ནུབ་སྨྱན་སྦྱོར་བོད་སྐད་སྡེ་ཁག  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

     དྲིན་ཚོར་མདུན་སྐྱོད་ཀྱིས་ལོ་ངོ་བདུན་ཅུའི་རླབས་ཆེན་འཕོ་འགྱུར་བསྐྲུན་ལ། དཔའ་ངར་ཆེར་བསྐྱེད་ཀྱིས་དུས་རབས་གསར་བའི་བརྗིད་ཉམས་ཀྱི་ལེའུ་གསར་བ་བྲིས། ཟླ8པའི་ཚེས8ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དགའ་སྟོན་ཚོགས་ཆེན་གཏེར་ལེན་ཁ་གྲོང་ཁྱེར་གྱི་མཚོ་ནུབ་ལུས་རྩལ་ལྟེ་གནས་སུ་བསྡུས།


 

      ཀྲུང་དབྱང་གི་འབྲེལ་ཡོད་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཀྲ་ཞན་ཡུག་དང་། ཚོགས་གཙོ་གཞོན་པའམ་རྒྱལ་ཡོངས་དམངས་ཆེན་མི་རིགས་ཆོས་ལུགས་རྟོག་ཞིབ་ཁང་གི་ཀྲུའུ་རིན་ལིས་ཡང་ཏི། ཚོགས་གཙོ་གཞོན་པའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་དྲུང་ཡིག་ཅུའུ་དྲུག་པའི་ཅུའུ་ཀྲང་གཞོན་པ་སུང་ཧའོ་ཁང་། ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ནམ་རྒྱལ་ཁབ་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་འདུམ་འགྲིག་སྐུལ་འདེད་ཟི་ཡི་ཟི་ཀྲང་གཞོན་པ་སུང་ཆི་ཅུན། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཚོགས་གཙོ་གཞོན་པའམ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ ཚོགས་གཙོ་གཞོན་པའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན། ཚོགས་གཙོ་གཞོན་པའམ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཡང་ཀྲི་བུན། ཚོགས་གཞོ་གཞོན་པའམ་ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་བཀའ་འཛིན་དཔོན་གཞོན་པ་རྣམ་རྒྱལ་བཅས་ཚོགས་ཆེན་ལ་ཞུགས།

       སྔ་དྲོའི་དུས་ཚོད9དང་སྐར་མ45སྟེང་། མཚོ་ནུབ་ཁུལ་ལུས་རྩལ་ལྟེ་གནས་སུ་དགའ་སྤྲོའི་རོལ་དབྱངས་ཀྱི་སྒྲ་དང་བསྡོངས་ཏེ། མཚོ་ནུབ་ཁུལ་གྱི་ལོ་ངོ70རིང་གི་རྒྱལ་ཁའི་འབྲས་བཟང་དང་རིགས་སོ་སོའི་བུ་བུ་མོ་རྣམས་ཀྱི་ཞུམ་མེད་འབད་འཐབ་མཚོན་པའི་རུ་ཁག་རྣམས་རིམ་བཞིན་ཚོགས་རར་བསྐྱོད། ཚོགས་ཞུགས་མཛད་སྒོ་ཚར་རྗེས་དགའ་སྟོན་ཚོགས་ཆེན་དངོས་སུ་མགོ་བརྩམས་པ་དང་། རྒྱལ་དར་ཁྱེར་བའི་རུ་ཁག་གིས་གོམ་སྟབས་བརྟན་པོའི་ངང་རྒྱལ་དར་ཚོགས་རར་བསྐྱལ་ཞིང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད། བཀྲག་དམངས་འཚེར་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་བསྒྲེངས།



ཀྲ་ཞན་ཡུག་གིས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚབ་བྱས་ཏེ་མཚོ་ནུབ་ཁུལ་གྱི་ལས་བྱེད་མང་ཚོགས་དང་། ཁུལ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད།  ལོ་ངོ70རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་།  ཁོང་གིས་མཚོ་ནུབ་ཁུལ་འཛུགས་སྐྲུན་བྱས་པ་ནས་བཟུང་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ར་སྤྲོད་ཁུངས་བཙན་བྱས་ཡོད་པ་བསྟན་པ་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་རིགས་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ལ་ཁྱད་འཕགས་རང་བཞིན་ལྡན་པས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པར་དཀྱེལ་ཡངས་རང་བཞིན་དང་གོང་བུར་འགྲིལ་ཤུགས་ཆེན་པོ་ལྡན། མཚོ་ནུབ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་ལེགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་དགོས། མཚོ་ནུབ་ཁུལ་གྱིས་ཐོན་ཁུངས་དང་ནུས་ཁུངས་གཅིག་བསྡུས་ཀྱི་བཟང་ཆ་ལེགས་པོ་འདོན་སྤེལ་བྱས་ཏེ། རྣམ་པ་གསར་བའི་འཕེལ་རྒྱས་ཀྱི་ཆགས་སྟངས་ནང་དེ་བས་ལེགས་པའི་སྒོ་ནས་འདྲེས་པར་བྱ་དགོས་ལ། རིགས་སོ་སོའི་མང་ཚོགས་རྣམས་ལ་དེང་རབས་ཅན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་པ་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་བྱེད་དགོས།  



 རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་སྔར་བས་ཟབ་མོ་བྱེད་དགོས། རི་ཆུ་ནགས་གསུམ་དང་རྩྭ་ཐང་དང་མཚེའུ། བྱེ་ཐང་དང་ཞིང་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གཅིག་གྱུར་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་མཚོ་ནུབ་ཀྱི་སྐྱེ་ཁམས་རང་མདངས་སྲུང་སྐྱོང་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱ་དགོས། ཐོག་མཐའ་བར་གསུམ་དུ་ཏང་གི་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བར་སློབ་གསོས་ཁྲིད་སྟོན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཡང་དག་པའི་ལྟ་བ་ལྔ་བརྟན་པོར་འཛུགས་དགོས་པ་བསྟན། 



 མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་གི་རྟེན་འབྲེལ་ཚོགས་པའི་འགོ་ཁྲིད་དང་བློ་མཐུན་རྣམས། ཞིང་ཆེན་ཕྱི་ནང་གི་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས། མཚོ་ནུབ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། དྲག་ཆས་ཉེན་རྟོག་དཔོན་དམག ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་བཅས་ལ་འཚམས་འདྲི་བྱས། དུས་ཡུན་རིང་པོའི་ནང་མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་གི་དམིགས་འཛུགས་རོགས་སྐྱོར་ལས་ཁུངས། ཀྲེ་ཅང་ཞིང་ཆེན་གྱིས་མཚོ་ནུབ་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པའི་རིགས་སོ་སོའི་གྲོགས་པོར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོང་གིས་བསྟན་དོན། ལོ་ངོ70རིང་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་འོད་སྟོང་འབར་བའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་དྲོད་ཁོལ་འོག   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་འགོ་ཁྲིད་འོག  མཚོ་ནུབ་ཁུལ་གྱི་རིམ་བྱུང་ཏང་ཨུ་དང་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མཚོ་ནུབ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  དཔལ་འབྱོར་གྱི་སྤྱི་འབོར་མགྱོགས་འཕར་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ། ཐོན་ལས་གནས་བཞི་ས་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དམངས་འཚོའི་བྱ་གཞག་གོང་འཕེལ་གཏོང་བ། མི་རིགས་མཐུན་སྒྲིལ་འཆམ་མཐུན་མཉམ་གནས་ཡོང་བར་བཅས་བྱས་ཏེ། མཚོ་ནུབ་ཀྱི་ས་གཞི་ལ་གནམ་ས་བླ་འོག་བརྗེ་འདྲའི་འཕོ་འགྱུར་བྱུང་ཡོད། ལོ་ངོ70རིང་གི་འབད་བརྩོན་ལྷོད་མེད་བརྒྱུད། མཚོ་ནུབ་ཁུལ་གྱིས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་ལངས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་གསར་སྐྲུན་བྱས།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་ཅིང་་། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་པོ་ཡིན་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་བྱ་བའི་གཙོ་གནད་དུ་འཛིན་པ། བློ་བརྟན་འགྱུར་མེད་ངང་ཏང་གིས་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ལེགས་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ། དྲིན་ཚོར་ཡར་བསྐྱེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་འདྲེས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་མཚོ་ནུབ་གསར་བའི་ལེའུ་གསར་བཞེངས་བྱེད་དགོས་པ་བསྟན།



རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས་སུ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་།  རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཁང་གི་ཀྲུའུ་རིན་ལིས་ཡང་ཏི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་འདོན་བྱས།  མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཆེན་མོའམ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན་བུའུ་ཏིག་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།  མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས།

 

ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་མཚོ་ནུབ་ཁུལ་ཏང་ཨུ་དང་།  ཁུལ་དམངས་ཆེན།  ཁུལ་སྲིད་གཞུང་།  ཁུལ་སྲིད་གྲོས་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ། ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཀྲུང་དབྱང་གི་རྟེན་འབྲེལ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་སོ་སོ། ཞིང་ཆེན་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས།  ཀྲུའུ་ཞང་ཏུང་གིས་ལོ་བདུན་ཅུའི་རིང་ལ།  ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་དང་། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་འོག   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་འོག     ཁ་གཏད་རོགས་སྐྱོར་བྱེད་མཁན་ཁག་གི་བརྩེ་སེམས་ཟབ་མོའི་རོགས་སྐྱོར་འོག་མཚོ་ནུབ་ཁུལ་གྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་ཏེ་སྤྱི་ཚོགས་ཀྱི་རྣམ་པར་ཕྱོགས་ཡོང་ནས་འཕེལ་རྒྱས་ཕྱིན་ཡོད།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ནས་བཟུང་།   ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རླབས་ཆེ་བའི་འཆར་གཞི་དང་མདུན་སྐྱོད་ཀྱི་ཕྱོགས་སྟོན་གལ་ཆེན། གཟི་བརྗིད་ཀྱི་ལས་འགན་དང་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཤིང་།   ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་བཅས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་གང་ཐུབ་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།  མི་རིགས་སོ་སོ་ནི་སེ་འབྲུའི་རྡོག་གཅིག་དང་འདྲ་བར་དམ་པོར་སྦྲེལ་ཏེ་རྒྱལ་ཁའི་ངང་དབུལ་ཕོངས་ལས་ཐར་བར་བྱས་ཤིང་། དུས་མཚུང་སུ་འབྱོར་འབྲིང་གི་མཛེས་པའི་འཆར་གཞི་བཏོད་དེ་ཚྭ་འདམ་ས་ཁུལ་དུ་ལོ་རྒྱུས་ཐོག་དར་རྒྱས་ཆེ་ཤོས་དང་ཆེས་ལྷིང་འཇགས་ཀྱི་རླབས་ཆེན་དུས་རབས་ཤིག་བཏོད། རྒྱང་སྐྱོད་ཀྱི་འཐབ་ལམ་གསར་བར་བསྐྱོད་དེ་མཚོ་ནུབ་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐོ་རུ་བཏེགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་།  ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་སྙིང་སྟོབས་ལག་བསྟར་དོན་འཁྱོལ་བྱེད་པ།    གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ་དང་།   མཚོ་ནུབ་ཁུལ་བཙུགས་ནས་ལོ་ངོ70འཁོར་བར་སྐུལ་འདེད་གཏོང་རྒྱུ་དེ་མགོ་འཛུགས་ས་གསར་བར་བྱས་ཏེ།  བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་སྔར་ལས་མཐོན་པོར་བསྒྲེངས་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་ཆེ་རུ་གཏོང་བ།  ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་སྔར་ལས་བརྟན་པོ་ཡོང་བ་བཅས་བྱས་ཏེ། དུས་རབས་དང་མི་དམངས་ཀྱི་འོད་སྟོང་འབར་བའི་བྱས་རྗེས་སྟོང་ཟད་དུ་མི་གཏོང་བར།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་མཚོ་ནུབ་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་མཚོ་ནུབ་ཀྱིས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་བསྟན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆའོ་ཡ་ཆུན་གྱིས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་མགོ་འཛིན་བྱས། 

རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་མཁན་གྱི་གྲས་སུ་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།ཧང་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིག་ཅེ་དང་།ཀྲེ་ཅང་ཞིང་ཆེན་རྒྱལ་ཁབ་པུའུ་ཨུའི་ཀྲུང་དབྱང་ཁེ་ལས་ཀྱི་ཁ་གཏད་འཛུགས་སྐྲུན་རོགས་སྐྱོར་སྡེ་ཁག ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགོ་ཁྲིད་བློ་མཐུན།རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ། ཞིང་ཆེན་ནང་ཁུལ་གྱི་སྤུན་ཟླའི་གྲོང་ཁྱེར་དང་ ཁུལ་གྱི་འགོ་ཁྲིད་བློ་མཐུན་དང་སྐུ་མགྲོན་རྣམས་ཞུགས་ཡོད།

 མཚོ་ནུབ་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས། ཁུལ་མི་དམངས་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་།མཚོ་ཡན་ལག་དམག་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན། ཁུལ་ནང་ཁུལ་གྱི་ས་གནས་སོ་སོ་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་སོ་སོ། ཀྲུང་དབྱང་དང་ཞིང་ཆེན་གྱི་ལས་ཁུངས་ཁུལ་དུ་སྡོད་པའི་འགན་ཁུར་བློ་མཐུན། ཁུལ་དུ་སྡོད་པའི་བཅིངས་འགྲོལ་དཔོན་དམག་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག་གཙོ་བོ། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ། དམག་ཁོངས་ལས་བུད་པའི་དམག་མིའི་འཐུས་མི། སྐབས་རིམ་བྱུང་གི་རྒྱལ་ཡོངས་ཀྱི་འཐུས་མི་གཉིས་དང་ཨུ་ཡོན་གཅིག  མཚོ་ནུབ་ནས་ལས་བྱེད་བྱས་མྱོང་བའི་འགོ་ཁྲིད་བློ་མཐུན་རྒན་པ་དང་། མཚོ་ནུབ་ཀྱི་མི་སྣ་གྲགས་ཅན། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་མི་སྣ། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་དཔེ་བཟང་མི་སྣའི་འཐུས་མི། ཁུལ་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་། ཁེ་ལས་དང་ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་ལས་ཁངས་ཀྱི་འགན་ཁུར་བློ་མཐུན།ཁུལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་འཐུས་མི་བཅས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས།



རྟེན་འབྲེལ་ཚོགས་ཆེན་མཇུག་སྒྲིལ་རྗེས། ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན། རིགས་སོ་སོའི་མང་ཚོགས་བཅས་ཀྱིས་ཡུལ་དངོས་ནས་མཛེས་པའི་མཚོ་ནུབ་དང་།ལྗང་མདོག་གི་མ་འོངས་པ་ཞེས་པ་བརྗོད་དོན་ཡིན་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་བལྟས།             

 


གོང་མ།:ཁུལ་དཔོན་གཞོན་པ་ཧུའུ་དབྱིན་ཆི་ཡིས་མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ལ་རྟོག་ཞིབ་གནང་།

ཞོལ་མ།:རྒྱལ་སྲུང་པུའུ་ཡིས་སྣེ་ལེན་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར97ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།