པར་རིས་གསར་འགྱུར།
 

ཞང་ཀང་གིས་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་ཆང་སྟོན་སྤེལ་ནས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར28ལོན་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-07-03  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ7པའི་ཚེས1ཉིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་ཆང་སྟོན་འཚོགས་ནས། ཞང་ཀང་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་ནས་ལོ་འཁོར28ལོན་པར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན་གྱི་སྔ་དྲོར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་དར་བསྒྲེངས་པའི་མཛད་སྒོ་དང་ཆང་སྟོན་འཚོགས་ནས། ཞང་ཀང་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་ནས་ལོ་འཁོར28ལོན་པར་རྟེན་འབྲེལ་ཞུས། 

རྒྱལ་དར་བསྒྲེངས་པའི་མཛད་སྒོ་དེ་སྔ་དྲོའི་ཆུ་ཚོད་བརྒྱད་པར་ཝན་ཙེ་ཅིན་ཙི་ཅིན་ཐང་ཆེན་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིང་ཀྲིན་དབྱིན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལི་ཅ་ཁྲའོ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོའུ་ཅི། ཞང་ཀང་དུ་བཅའ་སྡོད་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཀུང་ཧྲུའུ་དང་། ཞང་ཀང་དུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ། ཞང་ཀང་དུ་བཅའ་སྡོད་བྱེད་པའི་བཅིངས་འགྲོལ་དམག་དཔུང་གི་འགན་འཁུར་པ་དང་། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ཐུན་མོང་ཐོག་བརྗིད་ཉམས་ལྡན་པའི་དུས་སྐབས་འདིར་བདེན་དཔང་བྱས། 

ཞང་ཀང་ཉེན་རྟོག་རོལ་ཚོགས་ཀྱིས་དཀྲོལ་ལེན་བྱས་པའི《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་རོལ་དབྱངས་ཁྲོད། དར་སྲུང་རུ་ཁག་གིས་ཀྲུང་ལུགས་ཀྱི་འགྲོ་རྩལ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་ཅིན་ཙི་ཅིན་ཐང་ཆེན་དུ་སྲུང་སྐྱེལ་བྱས། 

བརྗིད་ཉམས་ལྡན་པའི་རྒྱལ་གླུ་དཀྲོལ་བ་དང་ཆབས་ཅིག་དར་ཆ་བསྒྲེང་མཁན་གྱིས་ལག་པ་གཡུག་ནས་རྒྱལ་དར་དང་ཁུལ་དར་མཁའ་དབྱིངས་སུ་བཀྲོལ་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་དལ་མོར་བསྒྲེངས་ནས་རླུང་གིས་དལ་བུར་བསྐྱོད། མི་སྣ་ཚང་མས་གཟབ་ནན་གྱིས་ཡར་ལངས་པ་དང་། མིག་ཟུང་ལ་གཡོ་བ་མེད་པར་གུས་འདུད་ཞུས་ཤིང་། སྐད་གསེང་མཐོན་པོས་རྒྱལ་གླུ་བླངས། རྒྱལ་དར་དང་ཁུལ་དར་བཀལ་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འཕུར་སྐྱོད་ཞབས་ཞུའི་རུ་ཁག་གི་ཐད་འཕུར་གནམ་གྲུ་ཝི་ཏུའོ་ལི་ཡ་གྲུ་ཁའི་མཁའ་དབྱིངས་སུ་འཕུར་བ་དང་། མེ་གསོད་ཁྲུའུ་ཡི་མེ་གསོད་གྲུ་གཟིངས་ཀྱིས་ཝི་ཏུའོ་ལི་ཡ་གྲུ་ཁའི་མཚོ་ངོས་སུ་ཆུ་ཀ་གཏོར་ནས་གུས་འདུད་ཞུས། 

དར་ཆ་བསྒྲེངས་པའི་མཛད་སྒོ་མཇུག་འགྲིལ་རྗེས། མཛད་སྒོར་ལྟ་མཁན་སྐུ་མགྲོན་དག་ཞང་ཀང་ཚོགས་འདུ་འགྲེམས་སྟོན་ལྟེ་གནས་སུ་བསྐྱོད་དེ་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར28ལོན་པའི་རྟེན་འབྲེལ་ཆང་སྟོན་ལ་ཞུགས། ལི་ཅ་ཁྲའོ་ཡིས་ཆང་སྟོན་ཐོག་ཤིས་ཚིག་གསུངས་ནས་བསྟན་དོན། སྐབས་འདིའི་སྲིད་གཞུང་གིས་འགན་བཞེས་ཚུན། བཅོས་སྒྱུར་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་བྱས་ནས། བསྟུད་མར་གྲུབ་འབྲས་ཐོབ་ཡོད། མ་འོངས་པར་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ནས། བྱང་རྒྱུད་ཀྱི་གྲོང་ཁྱེར་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཁོང་གིས་བཤད་རྒྱུར། གོ་སྐབས་དམ་འཛིན་ཡག་པོ་བྱས་ནས་རང་ངོས་ཀྱི་རིན་ཐང་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་བྱས་ནས་ཡར་རྒྱས་བརྩོན་པ་དང་གསར་གཏོད་གསར་སྐྲུན་བྱེད་དགོས་ལ། ཞང་ཀང་བའི་བློ་གྲོས་དང་ཉམས་མྱོང་ལ་བརྟེན་ནས།"ཤར་ཕྱོགས་ཀྱི་མུ་ཏིག"དེ་འཛམ་གླིང་གི་གར་སྟེགས་ཐོག་སྔར་བས་འོད་འཚེར་བར་བྱེད་དགོས། 

ཉིན་དེའི་ཞོགས་པར། ཞང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་ལས་ཁང་དང་། ཞང་ཀང་དུ་བཅའ་སྡོད་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཀུང་ཧྲུའུ། ཞང་ཀང་དུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་པུའི་དམིགས་བསལ་ཆེད་མངག་པའི་ཀུང་ཧྲུའུ། ཞང་ཀང་དུ་བཅའ་སྡོད་བྱེད་པའི་བཅིངས་འགྲོལ་དམག་དཔུང་སོགས་ཀྱིས་ཀྱང་རྒྱལ་དར་བསྒྲེངས་པའི་མཛད་སྒོ་འཚོགས་པ་རེད། །

གོང་མ།:ལི་ཆང་གིས་ཞི་ལའི་ཙུང་ལི་གཞོན་པ་ཧ་ཆི་ཏ་ཅི་སིར་ཐུག་འཕྲད་གནང་།

ཞོལ་མ།:ཝང་ཧུའུ་ཉིང་གིས་ཐེ་གོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞིའམ་གྲོས་ཁང་ཞོལ་མའི་གྲོས་དཔོན་ཝན་ནུའོ་ལ་ཐུག་འཕྲད་གནང་།