པར་རིས་གསར་འགྱུར།
 

ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཝུའུ་ལུའུ་མུའུ་ཆི་རུ་ཕེབས་ནས་ཞིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-25  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚེས23ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ཝུའུ་ལུའུ་མུའུ་ཆི་རུ་འབྱོར་ཏེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཆ་ནས། ཀྲུང་དབྱང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཞིན་ཅང་དུ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཐེངས་དང་པོ་ཡིན་པས། ཏང་ཀྲུང་དབྱང་གིས་ཞིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཞིན་ཅང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་བྱེད་པ་མཚོན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་གནམ་གྲུ་བསྡད་དེ་མཉམ་དུ་འབྱོར་ཡོད།

གསེར་མདོག་གི་སྟོན་དུས་སུ། ཞིན་ཅང་གི་ས་གཞི་གང་སར་ལོ་ལེགས་ཀྱི་སྤྲོ་སྣང་གིས་ཁེངས་ཡོད། ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་རྔ་རོལ་གྱིས་འུར་སྒྲ་ཆེ་ཞིང་། སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས།

ཆུ་ཚོད14དང་སྐར་མ20ཙམ་གྱི་སྐབས་སུ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཐེན་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་དང་། གནམ་གྲུ་འཇོག་སའི་ཐང་དུ་སྒུག་པའི་ཞིན་ཅང་གི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་འབོད་བྱས། ཞི་ཅིན་ཕིང་གནམ་གྲུ་ནས་ཕྱིར་བུད་དེ་དགའ་བསུ་ཞུ་བའི་མང་ཚོགས་ལ་ཕྱག་གཡུག་གནང་ནས་གུས་འདུད་ཞུས།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཞའོ་ཅང་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཨའེ་ཨེར་ཁེན·ཐུའུ་ཉི་ཡ་ཙི། རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཙུའུ་མུའུ་རེ་ཐི·ཝུའུ་པུའུ་ལི། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ནུའུ་ཨེར་ལན·ཨ་པུའུ་ཏུའུ་མན་ཅིན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ་སོགས་ཀྱིས་གནམ་གྲུའི་སྐས་འོག་ཏུ་བསུ་མ་བྱས། ཞི་ཅིན་ཕིང་སྐས་ཀ་ནས་མར་འབབ་དུས་ལོ་ཆུང་གདོང་ལེན་རུ་ཁག་གིས་མེ་ཏོག་ཕུལ་བ་རེད། མི་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མི་རིགས་ཀྱི་གྱོན་ཆས་གྱོན་ནས་གླུ་གཞས་འཁྲབ་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པར་དགའ་བསུ་ཞུས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་སྙིང་ཐག་པ་ནས་སྨོན་འདུན་ཞུས།

ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་དུས་ཆེན་གྱི་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད། གནམ་གྲུ་ཐང་ནས་སྡོད་སའི་བར་གྱི་ལམ་རྒྱུད་ཀྱི་སྲང་ལམ་གཙོ་བོའི་འགྲམ་གཉིས་སུ་མེ་ཏོག་གི་བརྒྱན་པ་དང་ཚོན་མདོག་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་ཏུ་དར་དམར་བཟུང་སྟེ་སྐད་གཅིག་མཐུན་གྱིས་དགའ་འབོད་བྱས་ནས། དགའ་བསུ་དང་བཀའ་དྲིན་གྱི་བསམ་པ་མཚོན། ཞི་ཅིན་ཕིང་གིས་ལམ་རྒྱུད་ཀྱི་མང་ཚོགས་ལ་ཡང་ཡང་ཕྱག་གཡུག་གནང་ནས་བྱམས་བརྩེ་ངང་འཚམས་འདྲི་མཛད།

ཀྲུང་དབྱང་གི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པའི་འགན་འཁུར་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐེ·ཀྲ་ཁོ་ཨེར། རྒྱལ་དོན་ཨུ་ཡོན་ཧྲིན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཏུང་ཧྥུན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲེན་ལི། བྱ་འགུལ་ལ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་རྒྱལ་དོན་ཨུ་ཡོན་ཝང་ཞའོ་ཧུང་སོགས་གནམ་གྲུ་གཅིག་ཏུ་འབྱོར་ཡོད།

ཀྲུང་དབྱང་འཐུས་མི་ཚོགས་པའི་ཁོངས་མི་དུས་མཉམ་དུ་འབྱོར་ཞིང་། ཁོངས་མིའི་ཁྲོད་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། ནང་སོག་དང་། ཀོང་ཞི། བོད་ལྗོངས། ཉིང་ཞ་བཅས་རང་སྐྱོང་ལྗོངས་བཞི་དང་ཁ་གཏད་རོགས་སྐྱོར་ཞིན་ཅང་གི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་སོགས་འདུས་ཡོད། །

གོང་མ།:མཚོ་སྔོན་དགེ་འོས་སློབ་ཆེན་པཎྜི་ཏ་རིག་ནུས་མཉེན་ཆས་ཀྱི་དགོས་མཁོ་མཐུན་སྦྱོར་གྲོས་ཚོགས་མཚོ་སྔོན་ཟི་ལིང་དུ་འཚོགས།

ཞོལ་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《དུས་རབས་གསར་པའི་ཀྲུང་གོ་ཡིས་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་དང་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ།