
ས་གནས་དེའི་དུས་ཚོད་ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕེན་རང་གི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕིང་རང་གི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་གནང་།
ལི་ཆང་གིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨིན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་མདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་ཤིང་། ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་འཁོར80ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ལི་ཆང་གིས་བསྟན་དོན། ཟླ་སྔོན་མར། སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་པེ་ཅིན་དུ་ཡོང་ནས་ཀྲུང་གོ་མི་དམངས་ཀྱི་འཇར་མགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་དང་ལྷན་དུ་གྲོས་མོལ་གནང་སྟེ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་འགྲོ་བར་ཁ་ཕྱོགས་གསལ་སྟོན་མཛད་ཅིང་འཆར་གཞིའི་རི་མོ་བཀོད་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བའི་ཟུར་ཚད་ནས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་བལྟ་ཞིང་། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་བརྩེའི་མཉམ་ལས་འབྲེལ་བར་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་བཟང་པོ། འཕེལ་རྒྱས་གང་ལེགས་བཅས་གཏོང་རྒྱུ་ནི་ང་ཚོའི་འགྱུར་བ་མེད་པའི་ཁ་ཕྱོགས་ཤིག་ཏུ་བརྩིས་ཡོད། ཀྲུང་གོས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་ཕྱོགས་སྟོན་གཞིར་བཟུང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་གཏོང་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་ལེགས་པོ་གཏོང་རྒྱུ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ལ། རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་ཏུ་བཏང་ནས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བརྟན་པོ་དང་དེ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་རིམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཅིན་ཀྲིན་ཨིན་གྱིས་ལི་ཆང་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ལ། ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲའོ་ཞན་དུ་ཡོང་ནས་རྟེན་འབྲེལ་བྱེད་སྒོར་ཞུགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་བས་རླབས་ཆེན་གྱི་གྲུབ་འབྲས་ལོན་ཡོད་ཅེས་བསྟན་ལ། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་ནི་གཏོར་ཐབས་མེད་པ་ཞིག་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་ཡོད་རུང་། ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་མཉམ་ལས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཁྲའོ་ཞན་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་ལངས་ཕྱོགས་ཤིག་དང་། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་འཕེལ་རྒྱས་ལའང་ཕན་ཐོགས་ཡོད་པ་ཞིག་རེད། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཁྲའོ་ཞན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ཤུགས་དྲག་ཏུ་བཏང་ནས། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །