
ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏིང་ཞུའེ་ཞང་གིས་ཚེས16ཉིན་པེ་ཅིན་དུ་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ཇུས་ཀྱི་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གོམ་པ་གལ་ཆེན་སྤོས། དེ་དང་ཆབས་ཅིག་ཀྲུང་གོས་རང་འགུལ་ངང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་བ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་ཏེ། འཛམ་གླིང་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་།
ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཚུལ་བསྒྱུར་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཕྱོགས་སོ་སོ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། འཛམ་གླིང་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་འདོད་ཡོད། གཅིག་ནི་ཡིད་ཆེས་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཡུལ་བབ་དང་བསྟུན་ནས། ལྗང་མདོག་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། གཉིས་ནི་ཕྱོགས་མང་རིང་ལུགས་བརྟན་སྲུང་བྱས་ནས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》ཁྱོན་ཡོངས་དང་ནུས་ལྡན་སྒོས་དོན་འཁྱོལ་བྱས་ཏེ། ལག་གདང་སྦྲེལ་ནས་ཁོར་ཡུག་གི་འགྲན་སློང་དང་གནམ་གཤིས་ཉམས་ཉེན་ལ་ཁ་གཏད་འཇལ་དགོས། གསུམ་ནི་སྤེལ་རེས་དང་གླེང་མོལ་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་དང་སྤོས་འགྱིག་གི་སྦགས་བཙོག་བཅོས་སྐྱོང་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སྤུས་ལེགས་ལྗང་མདོག་ཐོན་རྫས་རང་མོས་འཁོར་རྒྱུག་ཐུབ་པར་ཁག་ཐེག་བྱ་དགོས། བཞི་ནི་དྲང་གཞག་རིགས་བསྒྱུར་ལ་སྐུལ་འདེད་བཏང་ནས། ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་གོང་སྤེལ། ལས་ཞུགས་གསར་སྐྲུན། དབུལ་ཕོངས་སེལ་བ་སོགས་ཀྱི་དམིགས་འབེན་གཅིག་གྱུར་ལ་འཆར་འགོད་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་དང་ཡུན་རིང་བདེ་སྐྱིད་ཡོང་བར་བྱེད་དགོས། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དུ་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་འཛམ་གླིང་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྔར་ལས་གང་མང་འབུལ་རྒྱུ་ཡིན།
ཐེངས་འདིའི་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་ཀྱི་བརྗོད་དོན་ནི“ཁྱོན་ཡོངས་ནས་ལྗང་མདོག་ཚུལ་བསྒྱུར་མཐའ་གཅིག་ཏུ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་རེད། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཕྱིའི་ཨུ་ཡོན་དང་ཀྲུང་ཕྱིའི་ཆེད་མཁས་པ། མཉམ་ལས་གྲོགས་པོ་སོགས་མི400ལྷག་ལོ་ཚོགས་ལ་ཞུགས། །