པར་རིས་གསར་འགྱུར།
 

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-10-27  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རྡོ་རྗེ་སྐྱིད། ལྷ་སྒྲོན་མཚོ། ཕག་གྲུ།) ཟླ10པའི་ཚེས27ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་མགོ་བརྩམས། ཚོགས་འདུ་འདི་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཁམས་པའི་བརྙན་འཕྲིན་ཁང་གིས་སྒྲུབ་འགན་ཁུར་བ་དང་། པེ་ཅིན་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་སྨྱན་སྦྱོར་ལས་ཁུངས37ནས་ཕེབས་པའི་མི་སྣ92ཚོགས་འདུར་ཞུགས་ཡོད་པ་དང་། འཚོགས་ཡུན་ཉིན5ཡིན།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་མགོ་ཁྲིད་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཕུར་བུ་ཚེ་རིང་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་གཞོན་པ་ཝང་ཧོང་ཞིན། བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མིའམ་མགོ་གཙོ་གཞོན་པ་ཚེ་རིང་ཆོས་འཕེལ། ཨ་མདོ་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པའམ་ཨ་མདོ་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་བསོད་ནམས་རིན་ཆེན། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་ཁུང་པིན་བཅས་ཚོགས་འདུར་ཞུགས་ཡོད།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་སྐད་སྨྱན་སྦྱོར་ཕན་ཚུན་དབར་སློབ་སྦྱོང་དང་ཉམས་མྱོང་བརྗོད་པ། ཕན་ཚུན་གྱི་ལེགས་ཆ་ལེན་པ། ཐུན་མོང་ཐོག་འཕེལ་རྒྱས་འཚོལ་བའི་གར་སྟེགས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་སྐད་ཡིག་གི་སྨྱན་སྦྱོར་ལས་དོན་གོང་ནས་གོང་དུ་སྤེལ་བར་ནུས་པ་གལ་ཆེན་ཐོན་དང་འཐོན་བཞིན་ཡོད་ལ། ཐེངས་འདིའི་ཚོགས་འདུར་བོད་སྐད་ཡིག་གི་སྨྱན་སྦྱོར་གྱི་འཕེལ་རྒྱས་ལ་དམིགས་ནས་ཉམས་མྱོང་ཕྱོགས་སྡོམ་བགྱི་བ་དང་། གསར་འགྱུར་དྲིལ་སྒྲོག་གི་ལས་དོན་སྐོར་ནས་བགྲོ་གླེང་བྱེད་པ། བརྡ་ཆད་གསར་པ་གཅིག་གྱུར་གཏན་འབེབས་བཟོ་བ། བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་པ་སོགས་ཚུད་ཡོད་ལ། ཚོགས་འདུར་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་གྱི་སྨྱན་སྦྱོར་ལས་ཁུངས38ནས་བསྐུར་ཡོང་བའི་བརྩམས་ཆོས་ཁྱོན548འབྱོར་ཡོད་པ་དང་། དེར་ཚགས་པར་དང་དུས་དེབ་ཀྱི་རིགས136དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་རིགས138། སྨྱན་སྦྱོར་གསར་པའི་རིགས204། གཏམ་བརྗོད་དཔྱད་རྩོམ་གྱི་རིགས32ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཐོག་མར་གྲོས་མགོ་བཏོན་པ་དང་། 1998ལོ་ནས་ཕལ་ཆེར་ལོ་རེར་ཐེངས་རེར་འཚོགས་བཞིན་ཡོད་ལ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ལྗོངས་ཞིང་ལྔས་ལོ་རེ་བཞིན་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད། ཚོགས་འདུར་བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་པ་དང་། བོད་ཡིག་གི་བརྡ་ཆད་གསར་པ་གཅིག་གྱུར་ཚད་ལྡན་དུ་གཏོང་བ། བོད་ཡིག་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཀྱི་ནང་དོན་ཚུད་ཡོད།

ཐེངས་འདིའི་ཚོགས་འདུའི་རིང་ལ། གསར་འགྱུར་བཅར་འདྲིའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཚོགས་ཞུགས་མི་སྣ་ཡོངས་ཁམས་པའི་བརྙན་འཕྲིན་ཁང་དང་གཡག་རྔ་རུ་བསྐྱོད་དེ། དུས་རབས་གསར་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལ་རྒྱུས་ལོན་སློབ་སྦྱོང་དང་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་སོགས་ཡི་གེ་དང་བརྙན་མིག་གི་ལམ་ནས་དྲིལ་སྒྲོག་བྱས་ཏེ། རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་མཐུན་ཚོགས་ཀྱི་དྲིལ་སྒྲོག་ནུས་པ་ཇེ་ཆེར་གཏོང་བར་སྔར་བས་རང་ནུས་ཀྱི་སྟོབས་ཤུགས་འབུལ་རྒྱུ་རེད། །

གོང་མ།:མཚོ་ནུབ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ཞོལ་མ།:ཏིང་ཞུའེ་ཞང་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།