ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། ཀྲུང་གོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས་པ་རེད། བོད་ལྗོངས་དང་ནང་སོག ཀན་སུའུ་སོགས་ས་ཁུལ་གྱི་ཆེད་མཁས་པ་དང་མཁས་དབང་མཉམ་དུ་འཛོམས་ནས་སོ་སོས་རང་རང་གི་བསམ་འཆར་རམ་ལྟ་ཚུལ་བརྗོད་པ་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་ནས་ལོ་འཁོར་བཅུ་ལོན་པར་འཁེལ་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཆུ་ཚད་མཐོ་བའི་རིག་གཞུང་སྤེལ་རེས་ལས་སྟེགས་བསྐྲུན་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་ཆེད་ལས་ཅན་དང་མ་ལག་ཅན། དབང་གྲགས་ཅན། གཙོ་རྒྱུན་ཅན་གྱི་དུས་རིམ་གསར་བ་ཞིག་ཏུ་སྤོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

པར་འདི་ནི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
བགྲོ་གླེང་ཚོགས་འདུའི་ནང་བོད་རིག་པ་དང་གནའ་གཞུང་རྩོམ་རིག མི་རིགས་རིག་གནས། དམངས་སྲོལ་སྒྱུ་རྩལ། བཅའ་ཁྲིམས་སོགས་ཁྱབ་ཁོངས་ཀྱི་མཁས་ཅན་དང་ན་གཞོན་མཁས་དབང་མང་པོ་འདུས་ཡོད་ཅིང་། ཚང་མས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ལོ་རྒྱུས་ཁུངས་འཚོལ་ར་སྤྲོད་དང་ཡིག་གཞི་དཔྱད་འགྲེལ། སྒྱུ་རྩལ་རྒྱུན་འཛིན། དེང་རབས་རིན་ཐང་། ཕྱི་ཕྱོགས་སྒྲོག་སྤེལ། གཅིག་མཐུན་ཚོགས་པ་འཛུགས་སྐྲུན་སོགས་ལྟེ་བའི་གྲོས་གཞིར་དམིགས་ནས་ཞིབ་འཇུག་གྲོས་བསྡུར་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཚགས་དམ་པ་དང་ཕྱི་རོལ་ཡུལ་དང་མཐུན་ལ་དབང་གྲགས་ཀྱི་ཞིབ་འཇུག་འཆད་འགྲེལ་མ་ལག་མཉམ་དུ་བཏོད།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་ཕིང་གིས་ཤིས་ཚིག་ཁྲོད་ལོ་རྒྱུས་ལྟ་བ་ཆེན་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལྟ་བ་རྒྱུན་འཁྱོངས་བྱས་ནས་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ཀྲུང་གོའི་བོད་ལྗོངས་ཀྱི་མོན་ཡུལ་མཁར་ལྟག་ས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མོན་རྟ་དབང་ནི་ཀྲུང་གོའི་བོད་ལྗོངས་ཀྱི་ལྷོ་རྒྱུད་ཡིན་པ་དང་ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཡིན་པ་གསལ་བོར་བཤད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་བརྟན་དུ་འཛུགས་དགོས་ཞེས་བསྟན།

པར་འདི་ནི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡང་འཛོམས་ཀྱིས་དུས་ཡུན་རིང་བོར་དམངས་ཁྲོད་ཀྱི་བརྒྱུད་སྒྲོག་དང་གསལ་འགྲེལ་སྣ་མང་། ས་ཁོངས་ཀྱི་ཕྱོགས་རེས་འཆད་འགྲེལ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚངས་དབྱངས་རྒྱ་མཚོའི་རིག་གནས་བརྒྱུད་སྒྲོག་ཐད་གསལ་འགྲེལ་སིལ་སྒྱུར་ཅན་དང་འཆད་འགྲེལ་གང་འདོད་ཅན། རོལ་རྩེད་ཅན་སོགས་ཀྱི་སྣང་ཚུལ་མངོན་ཡོད་ལ། ལྷག་པར་ཏུ་ཕྱི་ཕྱོགས་སྟོབས་ཤུགས་ཁ་ཤས་ཀྱིས་ལུང་ཚིག་ལོག་འདྲེན་དང་དབྱེ་འགྲོལ་ནོར་འཁྲུལ། ཡིན་མིན་གོ་ལྡོག། གླེང་ཕྱོགས་ལོག་འཁྲིད་བྱས་ཡོད་ཅེས་བཤད། ཚེ་རིང་གཡང་འཛོམས་གྱིས་རྩ་བ་ཐོག་ནས་སྒྱུར་བཅོས་བྱེད་པ་དང་། རིག་གཞུང་གཏམ་བཤད། འཆད་འགྲེལ་ཚད་ལྡན་དུ་གཏོང་བ། དྲང་ཕྱོགས་བརྒྱུད་སྒྲོག་བཅས་དུས་རབས་གསར་བར་ངེས་པར་དུ་ཁུར་དགོས་པའི་དུས་རབས་ཀྱི་འགན་འཁྲིར་གྱུར་ཡོད་ཅེས་ནན་གྱིས་བསྟན།

པར་འདི་ནི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་ནི་ལས་སླ་བའི་རྩོམ་རིག་མྱོང་དཔྱད་ཅིག་གཏན་ནས་མིན་པར། དེ་ནི་གངས་ལྗོངས་ཀྱི་རིག་གནས་རྒྱུན་བསྲིང་དང་། མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་གོང་བུར་འགྲིལ་བ། རྒྱལ་ཁབ་མངའ་ཁོངས་ཀྱི་བདག་དབང་གསལ་བོར་བཤད་པ། ཕྱི་ཕྱོགས་རིག་གནས་ཀྱི་སྐད་ཆ་ཤོད་དབང་ཁོང་དུ་ཆུད་པ་བཅས་ཀྱི་རིག་གནས་ལས་གཞི་གལ་ཆེན་ཞིག་རེད། ཁུངས་འཚོལ་ར་སྤྲོད་དང་ལོ་རྒྱུས་ཀྱི་དོན་དངོས་གསེད་བཀྲོལ་ཏན་ཏིག་བྱེད་པ་ནི་རིག་གཞུང་གྲུབ་འབྲས་ལ་བརྟེན་ནས་ལོ་རྒྱུས་ཀྱི་དོན་དངོས་དང་ཁྲིམས་གཞིའི་གཞི་འཛིན་ས་ར་སྤྲོད་བྱེད་པ་དང་། རིག་གནས་ཞིབ་འཇུག་བྱེད་སྟངས་ལ་བརྟེན་ནས་རང་རྒྱལ་གྱི་མངའ་ཁོངས་བདག་དབང་ཆ་ཚང་སྲུང་སྐྱོང་བྱེད་པ་དེ་རེད།
ད་སྐབས། ཚངས་དབྱངས་རྒྱ་མཚོའི་རིག་གནས་དེ་རྒྱལ་ཡོངས་མི་རིགས་སོ་སོའི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་མཐོ་སྒང་གི་རིག་གནས་མིང་བྱང་ཞིག་ཏུ་གྱུར་ཡོད་ཅིང་། དེ་ནི་མི་རིགས་སོ་སོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་རིག་གནས་གཞི་རྟེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། བརྒྱུད་རིམ་ལྡན་པའི་རིག་གཞུང་ཞིབ་འཇུག་ཚད་ལྡན་དུ་གཏོང་བ་དང་། ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་རིག་གནས་འཆད་འགྲེལ་བྱེད་པ། མུ་མཐུད་དུ་དྲང་ཕྱོགས་བརྒྱུད་སྒྲོག་བཅས་བྱས་ཏེ། གངས་ལྗོངས་ཀྱི་མཆོག་ནོར་དེས་མི་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དང་། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན། རྒྱལ་ཁབ་ཀྱི་ངོས་འཛིན་གཅིག་མཐུན་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བཞིན་ཡོད།

པར་འདི་ནི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
བརྒྱུད་རིམ་ལྡན་པ་དང་དབང་གྲགས་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དེས་རང་ཉིད་གཙོ་བོར་འཛིན་པ་དང་རྩ་བའི་ཐོག་ནས་སྒྱུར་བཅོས་བྱེད་པ་མཐའ་འཁྱོངས་དང་། བོད་འབྲེལ་རིག་གནས་འཆད་འགྲེལ་གྱི་གཙོ་ཁྲིད་དབང་ཆ་དང་། རིག་གཞུང་གི་སྐད་ཆ་ཤོད་དབང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་དབང་ཆ་དམ་པོར་ཁོང་དུ་ཆུད་པ་དང་། ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་གྱི་འགལ་རྐྱེན་བཀག་འགོག་བཅས་བྱས་ནས། གནད་ལ་འཁེལ་བ་དང་། ལངས་གཟུགས། དོན་དངོས་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་ཕན་ཐོགས་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་གནས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན།
ཤེས་གསལ་བྱུང་བ་ལྟར་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་ལོ་བཅུའི་རིང་གི་ཉམས་མྱོང་ལ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་རིག་གནས་འཐབ་ཇུས་དམ་འཛིན་གནད་དུ་དམིགས་པ་དང་། རིག་གཞུང་ལས་རིགས་ཀྱི་བློ་གྲོས་གོང་བུར་འགྲིལ་བ། ཞིབ་འཇུག་གི་ཞན་ཆ་གསབ་པ། གཅིག་མཐུན་ལ་གཅིག་གྱུར་ཐོག་འགྲེལ་བཤད་བཅས་བྱས་ཏེ། རིག་གཞུང་ལ་བརྟེན་ནས་གཏམ་བཤད་དང་གནས་ལུགས་གསལ་པོར་བཤད་པ་དང་། རིག་གནས་ལ་བརྟེན་ནས་མི་སེམས་གོང་བུར་འགྲིལ་བ། དྲང་ནུས་ལ་བརྟེན་ནས་འཕྱུགས་སྐྱོན་ཁུངས་སྐྱེལ་དག་འབུད་བྱས་ཡོད། །