པར་རིས་གསར་འགྱུར།
 

སྐབས་བདུན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་པེ་ཅིན་དུ་མགོ་བརྩམས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-08-24  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བདུན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཚེས20ཉིན་པེ་ཅིན་དུ་མགོ་བརྩམས། གླེང་སྟེགས་སྟེང་ཁྱབ་བསྒྲགས་བྱས་པའི《སྐབས་བདུན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་གསལ་བསྒྲགས》ནང་དུ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་ལྔ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཕན་ཚུན་བར་གྱི་བརྙན་འཕྲིན་ཁྱབ་ཁོངས་སུ་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།

པར་འདི་ནི་ཟླ8པའི་ཚེས20ཉིན་པར་བླངས་པའི་གླེང་སྟེགས་ཡུལ་དངོས་ཡིན།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་སྟེང་ཀྲུང་གོས་ཨ་ཧྥེ་རི་ཁར"རླུང་འཕྲིན་གློག་བརྙན་འཕྲིན་གསར་གཏོད་མཉམ་ལས་འཆར་གཞི"ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་ནས་བཟུང་། གསར་འགྱུར་དང་ནང་དོན་བརྒྱུད་སྤེལ། ལག་རྩལ། མི་སྣ་སོགས་ཐད་ཀྱི་བརྗེ་རེས་སྔར་ལས་རྒྱ་ཆེ་རུ་ཕྱིན་ཡོད་པ་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རླུང་འཕྲིན་གློག་བརྙན་འཕྲིན་མཉམ་ལས་རིམ་པ་མཐོ་བ་དང་ཁྱབ་ཁོངས་ཡངས་ཤིང་གྲུབ་འབྲས་དངོས་ཐོན་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་དུ་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཆེན་པོ་ཕུལ་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་རིག་སྤེལ་རེས་ཟབ་མོ་སྤེལ་བ་དང་། དུས་རབས་གསར་བའི་དུས་རྟག་ཏུ་གནས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱས་པ་ངོས་འཛིན་བྱས།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་གྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་བརྗེ་རེས་ཀྱི་ཟམ་པ་ལྟ་བུར་གྱུར་ཏེ། སྨྱན་སྦྱོར་འཕོ་འགྱུར་ལ་བརྟེན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ནུས་པ་འདོན་སྤེལ་བྱེད་པ་དང་། བརྙན་ཐུང་གསར་པ་སོགས་ལས་རིགས་གསར་བ་མཉམ་འབྲེལ་ངང་གོང་འཕེལ་གཏོང་བ་དང་། བརྩམས་ཆོས་མཉམ་སྤྱོད་དང་ཡིག་སྒྱུར་ཁྱབ་སྤེལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ལེགས་ནང་དོན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་བར་འབྲེལ་བ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། མི་ཐབས་རིག་ནུས་བཀོལ་སྤྱོད་དང་དོ་དམ་སྐོར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ལག་རྩལ་གསར་བརྗེ་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་ཡར་རྒྱས་འགྲོ་བར་སྐུལ་མ་གཏོང་དགོས་ཞེས་བསྟན།

པར་འདི་ནི་ཟླ8པའི་ཚེས20ཉིན་པར་བླངས་པའི་གླེང་སྟེགས་ཡུལ་དངོས་ཡིན།

ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་པེ་ཅིན་གྲོང་ཁྱེར་སྲིད་གཞུང་། ཨ་ཧྥེ་རི་ཁའི་རླུང་འཕྲིན་མནའ་འབྲེལ་བཅས་ཀྱིས་གཙོ་སྒྲུབ་གནང་བ་ཡིན་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ45ཡི་རླུང་འཕྲིན་བརྙན་འཕྲིན་སྲིད་འཛིན་སྡེ་ཁག་གཙོ་བོ་དང་། རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར། རྒྱལ་སྤྱིའི་རྩ་འཛུགས། གཞུང་ཚབ་ཁང་ཆེ་གྲས་འབྲེལ་ཡོད་ཁེ་ལས་དང་སློབ་གྲྭ་ཆེན་མོ་ཞིབ་འཇུག་ལས་ཁུངས་བཅས་འཐུས་མི400ཙམ་ཞུགས་པ་དང་། དེའི་ཁྲོད་དུ་ཨ་ཧྥེ་རི་ཁའི་པུའུ་ཀྲང་རིམ་པའི་སྐུ་མགྲོན33འདུས་ཡོད་ཅིང་། ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བསྐྲུན་ཡོད།

གླེང་སྟེགས་འདིས་བརྗོད་དོན་ནི"འཕེལ་རྒྱས་གོ་སྐབས་བཟང་པོ་མཉམ་སྤྱོད་བྱས་ཏེ། མཐོང་ཐོས་མ་འོངས་པ་ཡག་པོ་བསྐྲུན་དགོས"ཞེས་པ་དེ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྐུ་མགྲོན་རྣམས་ཀྱིས་བརྗོད་བྱ་གཙོ་བོ་སྟེ"ནང་དོན་གསར་རྩོམ་གྱིས་མི་ཆོས་རིག་གནས་མཉམ་ལས་ལ་ནུས་ཤུགས་སྤྲོད་པ" དང་། "ལག་རྩལ་མཉམ་ལས་ཀྱིས་བཟོ་ལས་ཁེ་ཕན་མཉམ་སྤྱོད་ལ་རམ་འདེགས་བྱེད་པ"། "མཐོང་ཐོས་ཞབས་ཞུ་ཡིས་དཔལ་འབྱོར་ཚོང་དོན་གོང་དུ་འཕེལ་བར་ཕན་འདོགས་པ"། "རླུང་འཕྲིན་གློག་བརྙན་འཕྲིན་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་ཟུང་འབྲེལ་ལག་ལེན་བསྟར་ཚུལ"ལ་སོགས་པའི་གནད་དོན་ཐད་ནས་བགྲོ་གླེང་བྱས།

པར་འདི་ནི་ཟླ8པའི་ཚེས20ཉིན་པར་བླངས་པའི་གླེང་སྟེགས་ཡུལ་དངོས་ཡིན།

《སྐབས་བདུན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་གསལ་བསྒྲགས》གཞིར་བཟུང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་གསར་འགྱུར་མཉམ་ལས་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཡོངས་ལ་བདེན་དྲང་དང་ཕྱོགས་ཡོངས་རང་བཞིན་ལྡན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་རྣམ་པ་མངོན་པར་བྱེད་པ་དང་། ནང་དོན་མཉམ་ལས་ཟབ་སྤེལ་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེ་འགྲོ་འོང་དང་མཉམ་དུ་དར་རྒྱས་བྱུང་བའི་གཏམ་རྒྱུད་གསོན་ཉམས་ལྡན་པར་སྟོན་པ། ན་གཞོན་ཤེས་ལྡན་པའི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་བཅས་གཏན་འབེབས་བྱས་ཡོད།

གླེང་སྟེགས་ལས་ད་དུང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རླུང་འཕྲིན་བརྙན་འཕྲིན་མཉམ་ལས་ལས་གཞི80ཁྱབ་བསྒྲགས་བྱས། །



ཞོལ་མ།:ཀྲའོ་ལེ་ཅི་ཡིས་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་ཐུག་འཕྲད་གནང་བ།