


ཕིན་ལི་ཡོན་དང་ལའེ་ཏི་ཞི་ཡ་ཡིས་དཔེ་སྟོན་ལྟེ་གནས་ཀྱི་དབང་བོ་སྐྱོན་ཅན་མི་སྣའི་ཞབས་ཞུ་ལས་གཞིའི་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་དང་། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་འགྲེམ་སྟོན་ལ་ལྟ་སྐོར་གནང་རྗེས། ཚན་རྩལ་གྱིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་འགྲེམ་ཁུལ་དང་སྤྱི་ཕན་ལྟ་ཀློག་ཁུལ་དུ་ཀྲུང་གོའི་དབང་བོ་སྐྱོན་ཅན་ཐོན་རྫས་འཁོར་སྐྱོད། དབང་བོ་སྐྱོན་ཅན་བྱིས་པའི་ལྟ་ཀློག་བྱ་འགུལ། གེགས་མེད་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ལྕམ་མོས་གོར་སྲེག་ལག་རྩལ་གསོ་སྦྱོང་དང་ལག་བཟོས་ཐོན་རྫས་བཟོ་སྐྲུན། རི་མོ་གསར་རྩོམ་བཅས་སྤེལ་བཞིན་པའི་དབང་བོ་སྐྱོན་ཅན་མི་སྣ་དང་མཉམ་དུ་བྱམས་བརྩེའི་བརྗེ་རེས་གནང་བ་དང་། གསོ་སྦྱོང་སྦྱོར་བརྡར་བྱེད་བཞིན་པའི་དབང་བོ་སྐྱོན་ཅན་བྱིས་པར་འཚམས་འདྲི་བྱས་ལ། བྱིས་པ་ལོང་བས་བླངས་པའི《གླུ་སྐད་དང་འཛུམ་མདངས》ཞེས་པར་རོལ་མྱོང་བྱས་ནས་ཡུལ་དངོས་ཀྱི་རྣམ་པ་དྲོད་འཁོལ་དང་མཛའ་བརྩེ་ལྡན་པར་གྱུར།

ཕིན་ལི་ཡོན་གྱིས་བསྟན་དོན། དབང་བོ་སྐྱོན་ཅན་མི་སྣའི་ལས་དོན་ལ་ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་དང་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ལ། དབང་བོ་སྐྱོན་ཅན་མི་སྣ་སྔར་ལས་ལྷག་པར་སྤྱི་ཚོགས་ནང་འདྲེས་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་ཐོག་དབང་བོ་སྐྱོན་ཅན་མི་སྣས་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས། ལའེ་ཏི་ཞི་ཡས་ཞིབ་ཕྲའི་ངང་ཀྲུང་གོའི་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་དང་ལྷག་པར་དུ་བུད་མེད་དབང་བོ་སྐྱོན་ཅན་མི་སྣའི་ལས་ཞུགས་གནས་ཚུལ་ལ་འདྲི་རྩད་གནང་ནས། ཀྲུང་གོས་བླངས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་། །