
པར་འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་སློབ་ཆུང་གིས་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ལི་ཞིས་ཅུན་དང་ཁོང་གི་བོད་རིགས་བཟའ་ཟླ་སྒྲོལ་མ་ཚེ་རིང་རེད།

པར་འདི་ནི་ལི་ཞིས་ཅུན་གྱིས་རང་ཉིད་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྟོན་བཞིན་པའི་རྣམ་པ་རེད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ལས་དོན་ཁག་གི“རྩ་གནད”དང“བླ་སྲོག”ལྟ་བུར་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་བྱ་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་མི་སྣ་ཡོངས་ཞུགས་པ་དང་། ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བ། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ནས། མི་རིགས་སོ་སོས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇོ་མོ་གླང་མའི་འདབས་སུ་རབ་ཏུ་བཞད་ཡོད།
བཀའ་དྲིན་གྱི་བསམ་པ་འཆང་བཞིན་གཞན་ལ་དྲོ་སྐྱིད་བསྩལ་བ།
གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། སོག་རིགས་སོགས་མི་རིགས་མི་འདྲ་བའི་སྤུན་ཟླ་མང་པོ་འདུས་སྡོད་བྱས་ཡོད་ཅིང་། ཁོང་ཚོས་འབྲལ་མེད་མཉམ་གཤིབ་ཀྱིས་ཕན་ཚུན་ལྟ་སྐྱོང་བྱེད་ཀྱིན་ཡོད།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ཉི་མ་ཚེ་རིང་ནི་ལྕང་ལོ་ཁང་གསར་སྡེ་ཁུལ་ནས་འཚར་ལོངས་བྱུང་བའི་དྭ་ཕྲུག་ཅིག་ཡིན་པ་དང་། ཁོང་གིས་ང་རང་ཆུས་དུས་ནས་ཕ་མ་གཉིས་འདས་ཟིན་པས་གྲོང་མི་ཁྱིམ་མཚེས་ཀྱི་ལྟ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་ཡིན། བཀའ་དྲིན་དེ་ནི་ནམ་ཡང་བརྗེད་ཐབས་མེད་ཅེས་བཤད།
2007ལོ་ནས་བཟུང་། ཉི་མ་ཚེ་རིང་གིས་སྦག་སྦག་བསྐོར་ནས་གཞིས་ཀ་རྩེའི་ཐག་རིང་གྲོང་གསེབ་དང་ས་བབ་མཐོ་བའི་འབྲོག་ཁུལ་ཡོངས་རྫོགས་སུ་སོང་བ་དང་། སྔ་རྗེས་སུ་དྭ་ཕྲུག27གམ་དུ་བསུས་ཏེ་ནོར་འཕེལ་བྱིས་པའི་ཕན་བདེ་ཁང་བཙུགས་པ་རེད། ཁོང་གིས“ཡུལ་མི་སྤུན་ཟླ་རྣམས་ཀྱིས་ང་གསོས་ནས་འཚར་ལོངས་བྱུང་དུ་བཅུག ངས་ཕན་ཚུན་རོགས་རེས་ཀྱི་བརྩེ་བ་དེ་མུ་མཐུད་བརྒྱུད་སྤྲོད་བྱེད་ཀྱིན་ཡིན”ཞེས་བཤད།
རང་སྐྱོང་ལྗོངས་རིམ་པའི་སྒྲོག་འགྲེལ་པ་ཡིན་པའི་ཆ་ནས། ཉི་མ་ཚེ་རིང་གི་ལོ་བཅུ་ལྷག་རིང་གཞིས་ཀ་རྩེའི་རྫོང་དང་ཆུས18དང་ཤང་དང་གྲོང་རྡལ་བརྒྱ་ལྷག་དུ་བསྐྱོད་དེ། མི་རིགས་མཐུན་སྒྲིལ་དང་ཏང་གི་སྲིད་ཇུས་སྒྲོག་འགྲེལ་ཐེངས3100ལྷག་སྤེལ་བ་དེ་མང་ཚོགས་མི་ཐེངས་ཁྲི50ལྷག་ལ་ཁྱབ་སྟེ། ཏང་གི་སྲིད་ཇུས་ཁག་གོ་བདེ་ཤེས་སླའི་སྐད་ཆའི་ཞིང་ནང་མུ་ཁ་དང་འབྲོག་རར་དྲིལ་སྒྲོག་བྱས་ཡོད།
ཁོང་གི་སྣེ་ཁྲིད་འོག ལྕང་ལོ་ཁང་གསར་སྡེ་ཁུལ་དེ་ཉིད་མཉམ་སྡོད་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་རོལ་གྱི་ཁྱིམ་གཞིས་སུ་གྱུར་པ་མ་ཟད། ད་དུང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་ཚོགས་པར་བདམས་པ་རེད།
རང་འགན་ཕྲག་ཏུ་ཁུར་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྲུངས་པ།
གྲོ་མོ་རྫོང་ཤར་གསིང་མ་སྡེ་ཁུལ་དུ་ཀན་སུའུ་ནས་ཡོང་བའི་ལི་ཞིས་ཅུན་གྱིས་གསར་འགོད་པར“ངས་བོད་ལྗོངས་སུ་ལོ་ངོ28རིང་འཚོ་བ་སྐྱེལ་བ་དང་སྔ་མོ་ནས་འདི་ག་རང་ཉིད་ཀྱི་ཁྱིམ་དུ་བརྩིས་ཡོད། མི་རིགས་སོ་སོའི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཚང་མ་མཉམ་དུ་ཕྱུག་འགྱུར་བྱུང་ན། ད་གཟོད་འཚོ་བ་ཇེ་ལེགས་ནས་ཇེ་རྒྱས་སུ་འགྲོ་བས། ང་རང་མུ་མཐུད་དུ་འདི་གར་བསྡད་དེ་ས་གནས་ཀྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལས་དོན་ཐད་རང་ནུས་འདོན་རྒྱུ་ཡིན”ཞེས་བཤད།
1998ལོར་ལི་ཞིས་ཅུན་དམག་ཁོངས་ནས་ཕྱིར་ལོག་རྗེས་བོད་ལྗོངས་སུ་ཡོང་བ་དང་། 2000ལོར་བོད་རིགས་བུ་མོ་སྒྲོལ་མ་ཚེ་རིང་དང་གཉེན་སྒྲིག་བྱས་རྗེས་གངས་ལྗོངས་མཐོ་སྒང་དུ་གཞིས་ཆགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་སེམས་ཐག་བཅད། ཁོང་གིས་བོད་སྐད་ཧུར་ཐག་སྦྱངས་ནས་གོ་བརྡ་མི་འཕྲོད་པའི་དཀའ་ངལ་བསལ་བ་མ་ཟད། ས་གནས་དེ་གའི་འཚོ་བའི་གོམས་གཤིས་མགྱོགས་མྱུར་འཇགས་པར་བྱས་ཏེ། སྔ་རྗེས་སུ་སྡེ་ཁུལ་ཏང་ཀྲི་པུའི་འཐབ་ཕྱོགས་གཅིག་གྱུར་ཨུ་ཡོན་དང་ཡུལ་དམག་གི་ལྡིང་དཔོན་གྱི་འགན་འཁུར་བ་རེད། ལོ་ངོ28རིང་། ཁོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས1500ལྷག་བྱས་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི30ལྷག་འདུམ་འགྲིག་བྱས་པ། མཐའ་མཚམས་སུ་སྐོར་གཡེང་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་འགན་ཐེངས1200ལྷག་ནང་ཞུགས་ནས། གོམ་པས་མཐའ་མཚམས་ཚད་འཇལ་བྱས་པ་དང་དངོས་སྒྲུབ་ཀྱིས་ཕྱོགས་གཅིག་གི་བདེ་འཇགས་སྲུང་བཞིན་ཡོད།
དེ་དང་ཆབས་ཅིག སྡེ་ཁུལ་གྱི་ཀུའེ་ཉ་གསོ་སྤེལ་མཉམ་ལས་ཁང་གི་དོ་དམ་པ་ལི་ཞིས་ཅུན་གྱིས་ཐོག་མཐའ་བར་གསུམ་དུ“ཐུན་མོང་འབྱོར་ཕྱུག”གི་དམིགས་ཚད་ཡིད་ལ་བརྟན་པོར་བཅངས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྱད་ལྡན་གསོ་སྤེལ་འཕེལ་རྒྱས་བཏང་ཞིང་། བསྡོམས་པས་ཉ་རྒྱ་མ་ཁྲི2.1ལྷག་བཙོངས་པར་ཡོང་འབབ་སྒོར་ཁྲི68ལྷག་བྱུང་བ་དང་། ཁོང་གིས་རིན་མེད་ངང་ཚ་ལ་རྒྱག་སྟངས་བསླབས་ནས་མི་རིགས་སོ་སོའི་མང་ཚོགས20ལྷག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་མ་ཟད། ཁོང་ཚོར་འབབ་འཕར་སྒོར་ཁྲི120ལྷག་བྱུང་སྟེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པར་བྱས་ཡོད། ཁོང་གི་ཁྱིམ་ཚང“རང་སྐྱོང་ལྗོངས་ཀྱི་ཆེས་མཛེས་པའི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང”དུ་བདམས་པ་དང་མི་སྒེར་ལ“རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ་ཡོད་ཅིང་། “རྒྱ་རིགས་མག་པའི”བརྟན་སྲུང་དང་ཐེག་ཁུར་གྱིས་གྲོ་མོ་རྫོང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་མཉམ་སྡོད་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་རོལ། མཉམ་ལས་མཉམ་སྤྲོ་བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པར་དཔང་པོ་བྱས་ཡོད།
འཕྲིན་ཡིག་གཅིག་གིས་ལེ་དབར་སྟོང་གི་ལས་འབྲེལ་བཏོད་པ།
པ་སྣམ་རྫོང་སློབ་ཆུང་དུ་སློབ་ཚན་གྲོལ་བའི་ཅོང་སྒྲ་གྲགས་མ་ཐག་བྱིས་པ་ཚོ་མཉམ་དུ་འཛོམས་ནས་ཐག་རིང་དུ་ཡོད་པའི“སྨྱུག་གྲོགས”ལ་འཕྲིན་ལན་འབྲི་གིན་ཡོད། སྤྱི་ལེ་བཞི་སྟོང་བརྒལ་བའི་འཕྲིན་ཡིག་བསྐུར་རེས་དེ་ནི་པ་སྣམ་རྫོང་སློབ་ཆུང་དང་ཅི་ནན་གྱི་ཆ་སྒྲིག་སློབ་གྲྭའི་དབར་གྱི་ཁ་ཆད་ཅིག་རེད།
པ་སྣམ་རྫོང་སློབ་ཆུང་གིས་ལོ་མང་རིང་ཅི་ནན་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་མང་པོ་ཞིག་གི་སློབ་མ་ཚོ་དང་མཛའ་གྲོགས་རོགས་སྐྱོར་གྱི་ཆ་བསྒྲིགས་ཏེ། “ལག་གདང་སྦྲེལ་ནས་འཕྲིན་ཡིག་བསྐུར་རེས”དང“དྲ་ཐོག་ནས་སློབ་ཚན་ཐེངས་གཅིག་ཉན་པ”སོགས་ས་གནས་གཉིས་པོའི་དགེ་སློབ་ཀྱི་རྒྱུན་རྣམ་ཅན་གྱི་སྤེལ་རེས་བྱེད་སྟངས་སུ་གྱུར་ཡོད། འཕྲིན་ཡིག་སྟོང་ཕྲག་མང་པོ་བསྐུར་རེས་དང་དྲ་ཐོག་ནས་མཉམ་འགུལ་ཐེངས་བརྒྱ་ཕྲག་མང་པོ་བྱས་པ་བརྒྱུད། ས་གནས་གཉིས་པོའི་ཕྲུ་གུ་ཕན་ཚུན་རྒྱུས་མངའ་མེད་པ་ནས་གྲོགས་པོ་བློས་ཐུབ་ཏུ་གྱུར་ཏེ། ཡི་གེ་དང་རི་མོའི་ཁྲོད“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གོ་དོན་ཟབ་མོ་རྟོགས་ཡོད།
འཕྲིན་ཡིག་བསྐུར་རེས་བྱས་པ་ཕུད། སློབ་གྲྭས་ད་དུང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱུན་ལྡན་གྱི་སློབ་ཁྲིད་ནང་བཅུག་སྟེ“མཉམ་དུ་འཚར་ལོངས་བྱེད། སེམས་པ་གཅིག་ཏུ་སྦྲེལ”དང“མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས”སོགས་ཀྱི་བྱེད་སྒོ་ཐེངས200ལྷག་སྤེལ་ཤིང་། དགེ་སློབ་མི་ཐེངས3000ལྷག་ལ་ཁྱབ་ནས་མི་རིགས་མཐུན་སྒྲིལ་དེ་ལོ་ཆུང་བྱིས་པའི་སེམས་ནང་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་བྱས་ཡོད།
2025ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུས་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས150ལྷག་སྤེལ་བ་དང་གཞི་རིམ་གྱི་རྐང་འཛིན་པ624ལ་གསོ་སྦྱོང་བྱས་པ། རིམ་པ་སོ་སོའི་སློབ་གྲྭས་བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་གཏམ་བཤད་འགྲན་བསྡུར་སོགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ3400ལྷག་སྤེལ་བ་དང་དགེ་སློབ་མི་ཐེངས་ཁྲི5.89ལྷག་ལ་ཁྱབ་པ། གཞན་ཡང་། གྲོང་ཁྱེར་ཡོངས་སུ་མི་རིགས་སོ་སོའི་མང་ཚོགས་སྒར་རེས་རྣམ་པའི་འཕེལ་རྒྱས་འཆར་འགོད་ལག་ལེན་བསྟར་བ་དང་སྒར་རེས་རྣམ་པའི་སྡེ་ཁུལ་གྱི་གྲངས་འབོར14དབར་ཇེ་མང་དུ་ཕྱིན་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་དང་འགྲིམ་འགྲུལ་འགག་རྩ་བཅས་སུ“སེ་འབྲུའི་གསར་བརྗེའི་ས་ཚིགས”138གསར་དུ་བསྐྲུན་ཡོད་ལ། ད་རུང་པེ་ཅིན་དང་ཧྲང་ཧའེ་སོགས་ས་ཁུལ་དུ་རིག་གནས་ཡུལ་སྐོར་ཆེད་དམིགས་འོས་སྦྱོར་བྱ་འགུལ་སྤེལ་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི“བར་སྣང་གི་སྦྲེལ་ཟམ”དང“རིག་གནས་གསེར་ཟམ”བཏོད་ཡོད།
ལྷག་པར་ཏུ་དིང་རིའི་ས་ཡོམ་གྱི་གནོད་འགོག་གེགས་སེལ་དང་བསྐྱར་སྐྲུན་སླར་གསོའི་གོ་རིམ་ཁྲོད་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་ལག་གདང་སྦྲེལ་བ་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། སེམས་འགུལ་ཐེབས་པའི་ལག་རྗེས་མང་པོ་བྱུང་ནས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད།
ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བའི་ཐོག གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཇོ་མོ་གླང་མའི་འདབས་སུ་རབ་ཏུ་བཞད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞིས་ཀ་རྩེའི་ལེའུ་གསར་བ་རྩོམ་པར་སྟོབས་ཤུགས་ཆེན་པོ་གོང་བུར་སྒྲིལ་དགོས། །