
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན་གྱི་དགོང་མོར། ཀྲུང་གོའི་སྒྲ་སྙན་ཞབས་བྲོའི་དོན་བརྗོད་གཙོ་རྐང་དུ་བྱས་པའི་ཟློས་གར་ཐོག་མ་སྟེ《བཀྲ་ཤིས་ཞབས་བྲོ》ཞེས་པ་བོད་ལྗོངས་ཟློར་གར་ཁང་ཆེན་མོར་འཁྲབ་སྟོན་བྱས། འཁྲབ་སྟོན་ཁྲོད་སྙན་ཞིང་འཇེབས་ལ་ཤུགས་ཀྱང་ལྡན་པའི་སྒྲ་སྙན་གྱི་དབྱངས་འགྲོས་མི་སེམས་སུ་ཟུག་ཅིང་། སྤུས་ལེགས་ཀྱི་གླུ་གར་དང་སྙན་ངག་གི་གཞོགས་འདེགས་དང་ཞབས་བྲོའི་སྟངས་སྟབས་ལས་མཐོ་སྒང་ལ་བཅངས་པའི་བརྩེ་སེམས་མངོན་པ་དང་། སྒྱུ་རྩལ་གྱི་ཉམས་ལས་གངས་ལྗོངས་ཀྱི་འཕོ་འགྱུར་ལ་བསྟོད་བསྔགས་བྱས་ཡོད།
“བཀྲ་ཤིས་ཞབས་བྲོ”ཞེས་པ་ནི2026ལོའི་ཟླ3པའི་ཚེས28ཉིན་དང་ཚེས29ཉིན་པེ་ཅིན་དུ་ཐོག་མར་འཁྲབ་སྟོན་བྱས་པ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལྷ་རྩེའི་སྟོད་གཞས་ཀྱི་གྲུབ་ཆ་གསར་རྩོམ་རྨང་གཞིར་བྱས་ཤིང་། ལྷོ་གཞས་དང་། ནང་མ། སྒོར་གཞས་སོགས་བོད་ལྗོངས་ཀྱི་སྲོལ་རྒྱུན་ཞབས་བྲོའི་སྙིང་བཅུད་འདུས་ཡོད། དེ་ནི་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་བཅས་ལྡན་པའི་བརྩམས་ཆོས་རྩེ་གྲས་ཞིག་ཡིན་ལ། རྒྱལ་ནང་གི་བོད་རིགས་ཀྱི་སྒྲ་སྙན་ཞབས་བྲོའི་དོན་བརྗོད་གཙོ་རྐང་དུ་བྱས་པའི་ཟློས་གར་ཆེ་གྲས་སམ་ཐོག་མ་དེའང་ཡིན་པས། རྒྱལ་ནང་གི་རིགས་མཐུན་པའི་བརྗོད་བྱའི་སྟོང་ཆ་བསྐངས་ཡོད།
འཁྲབ་ཚན་ནང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན། ཏང་གི་མགོ་ཁྲིད་འོག་གངས་ལྗོངས་མཐོ་སྒང་དུ་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་བར་དམིགས་ནས། མཐོ་སྒང་གི་བུ་ཕྲུག་རྣམས་ཀྱི་བློ་ཁ་ཏང་ལ་ཕྱོགས་པ་དང་། འབད་འབུངས་མདུན་སྐྱོད། བདེ་སྡོད་ལས་བརྩོན། ཕུགས་འདུན་དོན་དུ་གཉེར་བ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དང་། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ་དང་། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་པ་ཕུལ་བ་དང་། མཛེས་སྡུག་ལྡན་པའི་བསམ་པའི་རེ་འདོད་བརྒྱུད་སྤྲོད་བྱས་ཡོད། །







