·
ལེའུ་དང་པོ།
· གཞི་རྩའི་གཏན་འབེབས།
· ◆ དོན་ཚན་དང་པོ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་། དམངས་དོན་འབྲེལ་བ་སྙོམས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་དུ་འཕེལ་བའི་བླང་བྱ་དང་མཐུན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཅས་བྱེད་པའི་ཆེད་དུ་རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་གཏན་འབེབས་བཟོས་པ་ཡིན།
· ◆ དོན་ཚན་གཉིས་པ། དམངས་ཁྲིམས་ཀྱིས་འདྲ་མཉམ་བྱེད་པོ་ཡིན་པའི་རང་བྱུང་མི་དང་། ཁྲིམས་མི། ཁྲིམས་མི་མིན་པའི་རྩ་འཛུགས་བཅས་བར་གྱི་མི་ལུས་ཀྱི་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་སྙོམས་སྒྲིག་བྱེད་པ་ཡིན།
· ◆ དོན་ཚན་གསུམ་པ། དམངས་དོན་བྱེད་པོའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པ་ཡིན། རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་བཙན་གནོད་བྱེད་མི་ཆོག
· ◆ དོན་ཚན་བཞི་པ། དམངས་དོན་བྱེད་སྒོའི་ནང་དུ་དམངས་དོན་བྱེད་པོའི་བཅའ་ཁྲིམས་ཀྱི་གོ་གནད་མཐའ་གཅིག་ཏུ་འདྲ་མཉམ་ཡིན།
· ◆ དོན་ཚན་ལྔ་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་རང་མོས་ཀྱི་རྩ་དོན་རྩི་སྲུང་ཞུ་དགོས་པ་དང་། རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་། སྒྱུར་བ། མཇུག་སྒྲིལ་བ་བཅས་བྱེད་དགོས།
· ◆ དོན་ཚན་དྲུག་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་དྲང་སྙོམས་ཀྱི་རྩ་དོན་རྩི་སྲུང་ཞུ་དགོས་པ་དང་། ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་ལུགས་མཐུན་བྱེད་དགོས།
· ◆ དོན་ཚན་བདུན་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཡིད་རྟོན་འཕེལ་བའི་རྩ་དོན་བརྩི་སྲུང་ཞུ་དགོས་པ་དང་། བདེན་པ་བདེན་ཐུབ་དང་ཁ་གདན་ཚིག་གནས་བྱེད་དགོས།
· ◆ དོན་ཚན་བརྒྱད་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་དང་འགལ་མི་ཆོག་པ་དང་། སྤྱི་སྒྲིག་སྲོལ་བཟང་དང་འགལ་མི་ཆོག
· ◆ དོན་ཚན་དགུ་པ། དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་ཡོད་པར་བྱེད་དགོས།
· ◆ དོན་ཚན་བཅུ་པ། དམངས་དོན་རྩོད་གཞི་ཐག་གཅོད་བྱེད་པར་བཅའ་ཁྲིམས་གཞིར་འཛིན་དགོས། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་མེད་ན་གོམས་སྲོལ་སྤྱད་འཐུས། ཡིན་ན་ཡང་སྤྱི་སྒྲིག་སྲོལ་བཟང་དང་འགལ་མི་ཆོག
· ◆ དོན་ཚན་བཅུ་གཅིག་པ། དམངས་དོན་འབྲེལ་བའི་ཐད་ལ་བཅའ་ཁྲིམས་གཞན་དག་ལས་དམིགས་བསལ་གྱི་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
· ◆ དོན་ཚན་བཅུ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྤེལ་བའི་དམངས་དོན་བྱེད་སྒོ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྤྱད་འཐུས་བཅའ་ཁྲིམས་ཀྱིས་གཏན་འབེབས་གཞན་བྱས་ཡོད་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
· ལེའུ་གཉིས་པ།
· རང་བྱུང་མི།
· ས་བཅད་དང་པོ། དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས།
· ◆ དོན་ཚན་བཅུ་གསུམ་པ། རང་བྱུང་མི་ལས་སྐྱེས་པ་ནས་ཤི་བའི་བར་དུ་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པ་དང་། ཁྲིམས་ལྟར་དམངས་དོན་ཁེ་དབང་སྤྱོད་རྒྱུ་ཡོད་ཅིང་དམངས་དོན་འོས་འགན་འཁུར་དགོས་པ་ཡིན།
· ◆ དོན་ཚན་བཅུ་བཞི་པ། རང་བྱུང་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་མཐའ་གཅིག་ཏུ་འདྲ་མཉམ་ཡིན།
· ◆ དོན་ཚན་བཅོ་ལྔ་པ། རང་བྱུང་མིའི་སྐྱེས་པའི་དུས་ཚོད་དང་ཤི་བའི་དུས་ཚོད་ནི་སྐྱེས་པའི་དཔང་ཡིག་དང་ཤི་བའི་དཔང་ཡིག་ཏུ་བཀོད་པའི་དུས་ཚོད་ཚད་གཞིར་འཛིན་དགོས། སྐྱེས་པའི་དཔང་ཡིག་དང་ཤི་བའི་དཔང་ཡིག་མེད་ན་ཐེམ་ཐོའི་ཟིན་ཐོའམ་རྩིས་འགྲོ་ཡོད་པའི་ཐོབ་ཐང་ཟིན་ཐོ་གཞན་དག་ཏུ་བཀོད་པའི་དུས་ཚོད་ཚད་གཞིར་འཛིན་དགོས། གོང་གསལ་ཟིན་ཐོའི་དུས་ཚོད་དགག་གཞག་བྱེད་ཐུབ་ངེས་ཀྱི་དཔང་རྟགས་གཞན་དག་ཡོད་ན། དཔང་རྟགས་དེས་བདེན་དཔང་བྱས་པའི་དུས་ཚོད་ཚད་གཞིར་འཛིན་དགོས།
· ◆ དོན་ཚན་བཅུ་དྲུག་པ། ཤུལ་ནོར་ཤུལ་འཛིན་དང་སྦྱིན་ནོར་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དང་འབྲེལ་བ་ཡོད་ན། མངལ་གནས་ཕྲུ་གུ་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡོད་པར་རྩི་དགོས། ཡིན་ན་ཡང་མངལ་གནས་ཕྲུ་གུ་སྐྱེ་དུས་ཤི་རོ་ཡིན་ན་དེར་དམངས་དོན་ཁེ་དབང་སྤྱོད་ནུས་ཡེ་ནས་མེད་པ་ཡིན།
· ◆ དོན་ཚན་བཅུ་བདུན་པ། རང་ལོ་བཅོ་བརྒྱད་ཡན་ལ་སོན་པའི་རང་བྱུང་མི་ནི་ནར་སོན་པའི་མི་ཡིན། རང་ལོ་བཅོ་བརྒྱད་ལ་མ་སོན་པའི་རང་བྱུང་མི་ནི་ནར་མ་སོན་པའི་མི་ཡིན།
· ◆ དོན་ཚན་བཅོ་བརྒྱད་པ། ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ཡིན་ལ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་ཚུགས་ཀྱིས་སྤེལ་ཆོག་པ་ཡིན། རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་འབྱུང་ཁུངས་གཙོ་བོ་བྱེད་པའི་རང་ལོ་བཅུ་དྲུག་ཡན་ལ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་རྩི་དགོས།
· ◆ དོན་ཙན་བཅུ་དགུ་པ། རང་ལོ་བརྒྱད་ཡན་ལ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན་ཞིང་། དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཁོའི་ཁྲིམས་བཀོད་ལས་ཚབ་པས་ཁས་ལེན་དང་། རྗེས་བྱུང་ཁས་ལེན་བྱེད་དགོས། ཡིན་ན་ཡང་ཁེ་ཕན་འཐོབ་རྒྱུ་ཁོ་ནར་དམིགས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དམ་ཁོའི་ན་ཚོད་དང་རིག་སྟོབས་ལ་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་ཚུགས་ཀྱིས་སྤེལ་ཆོག
· ◆ དོན་ཚན་ཉི་ཤུ་པ། རང་ལོ་བརྒྱད་ལ་མ་སོན་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་། དེའི་ཁྲིམས་བཀོད་ལས་ཚབ་པས་ཁོའི་ཚབ་བྱས་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་དགོས།
· ◆ དོན་ཚན་ཉེར་གཅིག་པ། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་ཞིང་། དེའི་ཁྲིམས་བཀོད་ལས་ཚང་པས་ཁོའི་ཚབ་བྱས་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་དགོས། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་ལོ་བརྒྱད་ཡན་ལ་སོན་པའི་ནར་མ་སོན་པའི་མི་ལ་དོན་ཚན་གོང་མའི་གཏན་འབེབས་སྤྱད་འཐུས།
· ◆ དོན་ཚན་ཉེར་གཉིས་པ། རང་ཉིད་ཀྱི་བྱ་སྤྱོད་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ཡིན། དེས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བར་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཁོའི་ཁྲིམས་བཀོད་ལས་ཚབ་པས་ཁས་ལེན་དང་རྗེས་བྱུང་ཁས་ལེན་བྱེད་དགོས། ཡིན་ནའང་ཁེ་ཕན་འཐོབ་རྒྱུ་ཁོ་ནར་དམིགས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དམ་ཁོའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་ལ་འཚམ་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་ཚུགས་ཀྱིས་སྤེལ་ཆོག
· ◆ དོན་ཚན་ཉེར་གསུམ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མིའི་ལྟ་སྐྱོང་བ་ནི་དེའི་ཁྲིམས་བཀོད་ལས་ཚབ་པ་ཡིན།
· ◆ དོན་ཚན་ཉེར་བཞི་པ། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའམ་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ཡིན་ན། དེ་དང་ཁེ་གྱོང་འབྲེལ་བ་ཡོད་མིའམ་འབྲེལ་ཡོད་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་ནར་སོན་པའི་མི་དེ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ལ་ངོས་འཛིན་བྱེད་དགོས་པའི་རེ་འདུན་ཞུས་ཆོག
· མི་དམངས་ཁྲིམས་ཁང་གིས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མི་ལ་ངོས་འཛིན་བྱས་པ་ཡིན། རང་ཉིད་དང་ཁེ་གྱོང་འབྲེལ་བ་ཡོད་མིའམ་འབྲེལ་ཡོད་རྩ་འཛུགས་ཀྱིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་ཁོའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་སླར་གསོ་བྱུང་ཚུལ་གཞིར་བཟུང་ནས་ནར་སོན་པའི་མི་དེ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་ལ་ཕྱིར་ལྡོག་བྱེད་པར་ངོས་འཛིན་བྱས་ཆོག དོན་ཚན་འདིར་བསྟན་པའི་འབྲེལ་ཡོད་རྩ་འཛུགས་ཀྱི་ཁོངས་སུ་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་། སློབ་གྲྭ སྨན་བཅོས་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ལྟར་བཙུགས་པའི་བགྲེས་སོང་གི་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཚུད་ཡོད།
· ◆ དོན་ཚན་ཉེར་ལྔ་པ། རང་བྱུང་མི་ཡིན་ན་ཐེམ་ཐོའི་ཟིན་ཐོའམ་དེ་མིན་གྱི་རྩིས་འགྲོ་ཡོད་པའི་ཐོབ་ཐང་ཟིན་ཐོ་གཞན་དག་ལ་བཀོད་པའི་སྡོད་གནས་དེ་གཞིས་གནས་ལ་རྩི་དགོས།
· ས་བཅད་གཉིས་པ། ལྟ་སྐྱོང་།
· ◆ དོན་ཚན་ཉེར་དྲུག་པ། ཕ་མར་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་དང་། སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་ཡོད། ནར་སོན་པའི་བུ་ཕྲུག་ལ་ཕ་མར་ཞབས་ཏོག་དང་། རོགས་སྐྱོར། སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་ཡོད།
· ◆ དོན་ཚན་ཉེར་བདུན་པ། ཕ་མ་ནི་ནར་མ་སོན་པའི་བུ་ཕྲུག་གི་ལྟ་སྐྱོང་བ་ཡིན། ནར་མ་སོན་པའི་མིའི་ཕ་མ་ཤིའམ་ལྟ་སྐྱོང་བྱེད་ནུས་མེད་པ་ཡིན་ན། གཤམ་གསལ་ལྟ་སྐྱོང་བྱེད་ནུས་ཡོད་མི་རྣམས་ཀྱིས་གོ་རིམ་སྔ་གཞུག་ལྟར་ལྟ་སྐྱོང་བ་བྱེད་དགོས།
· (གཅིག)ཕ་རྒྱུད་སྤོ་བོ་རྨོ་བོ། མ་རྒྱུད་སྤོ་བོ་རྨོ་བོ།
· (གཉིས)གཅེན་པོ། གཅེན་མོ།
· (གསུམ)ལྟ་སྐྱོང་བ་བྱེད་འདོད་ཡོད་པའི་མི་སྒེར་རམ་འབྲེལ་ཡོད་རྩ་འཛུགས། ཡིན་ན་ཡང་ནར་མ་སོན་པའི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གི་མོས་མཐུན་འཐོབ་དགོས།
· ◆ དོན་ཚན་ཉེར་བརྒྱད་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཚོད་འཛིན་བྱས་པའི་ནར་སོན་པའི་མིའི་ལྟ་སྐྱོང་བ་ནི་གཤམ་བཀོད་ལྟ་སྐྱོང་བྱེད་ནུས་ཡོད་པའི་མིས་གོ་རིམ་སྔ་གཞུག་ལྟར་བྱེད་དགོས།
· (གཅིག)བཟའ་ཟླ།
· (གཉིས)ཕ་མ། བུ་ཕྲུག
· (གསུམ)གཉེན་ཉེ་གཞན་དག
· (བཞི)ལྟ་སྐྱོང་བ་བྱེད་འདོད་ཡོད་པའི་མི་སྒེར་རམ་རྩ་འཛུགས། ཡིན་ནའང་ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གི་མོས་མཐུན་འཐོབ་དགོས།
· ◆ དོན་ཚན་ཉེར་དགུ་པ། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཕ་མས་ལྟ་སྐྱོང་བ་བྱས་ཡོད་པ་ཡིན་ན། ཁ་ཆེམས་ཐོག་ནས་ལྟ་སྐྱོང་བ་དམིགས་འཛུགས་བྱས་ཆོག
· ◆ དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མིའི་བར་དུ་གྲོས་མཐུན་བཞག་ནས་ལྟ་སྐྱོང་བ་གཏན་འཁེལ་བྱས་ཆོག གྲོས་མཐུན་བཞག་ནས་ལྟ་སྐྱོང་བ་གཏན་འཁེལ་བྱས་ན་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས།
◆ དོན་ཚན་སོ་གཅིག་པ། ལྟ་སྐྱོང་བ་གཏན་འཁེལ་བྱེད་པའི་ཐད་རྩོད་གཞི་བྱུང་ན། ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས། དམིགས་འཛུགས་བྱས་འབྲས་དེ་འབྲེལ་ཡོད་དོ་བདག་གིས་ཁས་མ་བླངས་ན་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས་པའི་རེ་འདུན་ཞུས་ཆོག་ལ། འབྲེལ་ཡོད་དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས་པའི་རེ་འདུན་ཞུས་ཀྱང་ཆོག
གྲོང་མི་ཨུ་ཡོན་ལྷན་ཁང་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་ངམ་དམངས་སྲིད་སྡེ་ཁག་བཅས་སམ་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས་པ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཆེ་ཤོས་འཐོབ་པའི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མིའི་ཁོངས་ནས་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས།
◆ དོན་ཚན་སོ་གཉིས་པ། ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་མི་མེད་པ་ཡིན་ན། ལྟ་སྐྱོང་བ་ནི་དམངས་སྲིད་སྡེ་ཁག་གིས་བྱེད་དགོས་པ་དང་། ལྟ་སྐྱོང་འགན་འཁྲི་སྒྲུབ་པའི་ཆ་རྐྱེན་འཛོམས་པའི་ལྟ་སྐྱོང་བྱ་ཡུལ་གྱི་མིའི་གཞིས་གནས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཡུལ་མི་ཨུ་ཡོན་ལྷན་ཁང་གིས་བྱས་ཀྱང་ཆོག
◆ དོན་ཚན་སོ་གསུམ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་ནར་སོན་པའི་མིས་རང་ཉིད་ཀྱི་གཉེན་ཉེ་དང་། ལྟ་སྐྱོང་བ་བྱེད་འདོད་ཡོད་མཁན་མི་སྒེར་རམ་རྩ་འཛུགས་གཞན་དག་དང་སྔོན་ཚུད་ནས་གྲོས་མོལ་བྱས་ཏེ་ཡིག་ཐོག་ནས་རང་ཉིད་ཀྱི་ལྟ་སྐྱོང་བ་གཏན་འཁེལ་བྱེད་ཆོག རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཆ་ཤས་ཤོར་བའི་སྐབས་སུ་ལྟ་སྐྱོང་བ་དེས་ལྟ་སྐྱོང་བྱེད་འགན་སྒྲུབ་དགོས།
◆ དོན་ཚན་སོ་བཞི་པ། ལྟ་སྐྱོང་བའི་འགན་འཁྲི་ནི་ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལས་ཚབ་བྱས་ནས་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་སྤེལ་བ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མིའི་མི་ལུས་ཀྱི་ཁེ་དབང་དང་། རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོབ་བྱེད་པ་སོགས་ཡིན།
◆ དོན་ཚན་སོ་ལྔ་པ། ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཐོགས་ཆེ་ཤོས་འཐོབ་རྒྱུའི་རྩ་དོན་ལྟར་ལྟ་སྐྱོང་འགན་འཁྲི་སྒྲུབ་དགོས། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ན་མ་གཏོགས་ལྟ་སྐྱོང་བས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་རྒྱུ་ནོར་ཐག་གཅོད་བྱེད་མི་ཆོག
◆ དོན་ཚན་སོ་དྲུག་པ། ལྟ་སྐྱོང་བར་གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་ན། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་རམ་རྩ་འཛུགས་ཀྱི་རེ་ཞུ་ལྟར་ཁོའི་ལྟ་སྐྱོང་བའི་ཐོབ་ཐང་ཕྱིར་འཐེན་བྱེད་དགོས་པ་དང་། ཉེར་མཁོའི་སྐབས་བསྟུན་ལྟ་སྐྱོང་བྱེད་ཐབས་སྤྱོད་དགོས་པར་མ་ཟད། ལྟ་སྐྱོང་བྱ་ཡུལ་གྱི་མིར་ཕན་ཐོགས་ཆེ་ཤོས་འཐོབ་རྒྱུའི་རྩ་དོན་ལྟར་ཁྲིམས་ལྟར་ལྟ་སྐྱོང་བ་དམིགས་འཛུགས་བྱེད་དགོས།
(གཅིག) ལྟ་སྐྱོང་བྱ་ཡུལ་གྱི་མིའི་ལུས་སེམས་བདེ་ཐང་ལ་གནོད་རྐྱེན་ཚབས་ཆེན་བཟོ་བའི་བྱ་སྤྱོད་སྤེལ་བ།
(གཉིས) ལྟ་སྐྱོང་འགན་འཁྲི་སྒྲུབ་རྒྱུ་སྒྱིད་ལུག་བྱེད་པ་དང་། ཡང་ན་ལྟ་སྐྱོང་འགན་འཁྲི་སྒྲུབ་ཐབས་མེད་པར་མ་ཟད་ལྟ་སྐྱོང་འགན་འཁྲི་ཆ་ཤས་སམ་ཆ་ཚང་མི་གཞན་ལ་མངག་བཅོལ་བྱེད་པར་ངོ་ཟློག་བྱས་པའི་རྐྱེན་གྱིས་ལྟ་སྐྱོང་བྱ་ཡུལ་གྱི་མི་དཀའ་ཉེན་གྱི་གནས་སུ་གྱར་བ།
(གསུམ) ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་བྱ་སྤྱོད་གཞན་དག་སྤེལ་བ།
◆ དོན་ཚན་སོ་བདུན་པ། ཁྲིམས་ལྟར་ལྟ་སྐྱོང་བྱ་ཡུལ་གྱི་མིའི་གསོ་སྐྱོང་དང་། ཞབས་ཏོག འཚོ་སྐྱོང་བཅས་ཀྱི་གྲོན་དངུལ་སྤྲོད་འགན་འཁུར་བའི་ཕ་མ་དང་། བུ་ཕྲུག བཟའ་ཟླ་སོགས་ཀྱི་ལྟ་སྐྱོང་བའི་ཐོབ་ཐང་མི་དམངས་ཁྲིམས་ཁང་གིས་ཕྱིར་འཐེན་བྱས་རྗེས། འཁུར་པའི་འོས་འགན་གང་ཡོད་མུ་མཐུད་ནས་སྒྲུབ་དགོས།
◆ དོན་ཚན་སོ་བརྒྱད་པ། ལྟ་སྐྱོང་བྱ་ཡུལ་གྱི་མིའི་ཕ་མའམ་བུ་ཕྲུག་གི་ལྟ་སྐྱོང་བའི་ཐོབ་ཐང་མི་དམངས་ཁྲིམས་ཁང་གིས་ཕྱིར་འཐེན་བྱས་རྗེས། ལྟ་སྐྱོང་བྱ་ཡུལ་གྱི་མིར་བསམ་བཞིན་དུ་བྱས་ཉེས་སྤེལ་བ་ཕུད། དངོས་གནས་འགྱོད་བཤགས་བྱས་པ་ཡིན་ན། དེས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་མིའི་འདོད་མོས་ངོ་མར་བརྩི་འཇོག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག གནས་ཚུལ་ལ་གཞིགས་ནས་དེའི་ལྟ་སྐྱོང་བའི་ཐོབ་ཐང་སླར་གསོ་བྱས་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་ལྟ་སྐྱོང་བ་དང་ལྟ་སྐྱོང་བྱ་ཡུལ་གྱི་མིའི་བར་གྱི་ལྟ་སྐྱོང་འབྲེལ་བ་དུས་མཚུངས་སུ་མཇུག་སྒྲིལ་བ་ཡིན།
◆ དོན་ཚན་སོ་དགུ་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་བྱུང་ན་ལྟ་སྐྱོང་འབྲེལ་བ་མཇུག་སྒྲིལ་དགོས།
(གཅིག) ལྟ་སྐྱོང་བྱ་ཡུལ་གྱི་མིར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཐོབ་པའམ་སླར་གསོ་བྱུང་བ།
(གཉིས) ལྟ་སྐྱོང་བའི་ལྟ་སྐྱོང་བྱེད་ནུས་ཤོར་བ།
(གསུམ) ལྟ་སྐྱོང་བྱ་ཡུལ་གྱི་མིའམ་ལྟ་སྐྱོང་བ་ཤི་བ།
(བཞི) མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་འབྲེལ་བ་མཇུག་སྒྲིལ་བར་ངེས་གཟུང་བྱས་པའི་གནས་ཚུལ་གཞན་དག
ལྟ་སྐྱོང་འབྲེལ་བ་མཇུག་སྒྲིལ་རྗེས། ལྟ་སྐྱོང་བྱ་ཡུལ་གྱི་མིར་སྔར་བཞིན་ལྟ་སྐྱོང་བྱེད་པའི་དགོས་པ་ཡོད་ན། ཁྲིམས་ལྟར་ལྟ་སྐྱོང་བ་གཞན་པ་གཏན་འཁེལ་བྱེད་དགོས།
ས་བཅད་བཞི་པ། མི་སྒེར་གྱི་བཟོ་ཚོང་ཐེམ་དུད་དང་གྲོང་གསེབ་ཀྱི་འགན་གཙང་ལེན་མཁན་གཉེར་སྐྱོང་ཐེམ་དུད།
◆ དོན་ཚན་ང་བཞི་པ། རང་བྱུང་མིས་བཟོ་ཚོང་ལས་རིགས་གཉེར་སྐྱོང་བྱེད་པར་ཁྲིམས་ལྟར་ཐོ་འགོད་བྱས་ཡོད་ཕྱིན་མི་སྒེར་གྱི་བཟོ་ཚོང་ཐེམ་དུད་ཡིན། མི་སྒེར་གྱི་བཟོ་ཚོང་ཐེམ་དུད་ལ་ཚོང་མིང་བཏགས་ཆོག་པ་ཡིན།
◆ དོན་ཚན་ང་ལྔ་པ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་ཁྲིམས་ལྟར་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་མཁན་ལ་གཉེར་སྐྱོང་བྱེད་དབང་ཐོབ་པ་དང་། ཁྱིམ་ཚང་གིས་འགན་གཙང་ལེན་མཁན་གཉེར་སྐྱོང་ཁོངས་མིར་ཁྲིམས་ལྟར་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་མཁན་གཉེར་སྐྱོང་པ་ནི་གྲོང་གསེབ་ཀྱི་འགན་གཙང་ལེན་མཁན་གཉེར་སྐྱོང་ཐེམ་དུད་ཡིན།
◆ དོན་ཚན་ང་དྲུག་པ། མི་སྒེར་གྱི་བཟོ་ཚོང་ཐེམ་དུད་ཀྱི་བུ་ལོན་ནི། མི་སྒེར་གྱིས་གཉེར་སྐྱོང་བྱེད་པ་ཡིན་ན། མི་སྒེར་གྱི་རྒྱུ་ནོར་གྱིས་འཇལ་དགོས། ཁྱིམ་ཚང་གིས་གཉེར་སྐྱོང་བྱེད་པ་ཡིན་ན། ཁྱིམ་ཚང་གི་རྒྱུ་ནོར་གྱིས་འཇལ་དགོས། དབྱེ་བ་འབྱེད་དཀའ་བའི་རིགས་ཡིན་ན། ཁྱིམ་ཚང་གི་རྒྱུ་ནོར་གྱིས་འཇལ་དགོས།
◆ དོན་ཚན་ང་བདུན་པ། ཁྲིམས་མི་ནི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་པ་དང་། ཁྲིམས་ལྟར་རང་ཚུགས་སུ་དམངས་དོན་ཁེ་དབང་སྤྱོད་རྒྱུ་ཡོད་ལ་དམངས་དོན་འོས་འགན་སྒྲུབ་འགན་འཁུར་པའི་རྩ་འཛུགས་ཡིན།
◆ དོན་ཚན་ང་བརྒྱད་པ། ཁྲིམས་མི་ནི་ཁྲིམས་ལྟར་འཛུགས་དགོས། ཁྲིམས་མི་ལ་རང་ཉིད་ཀྱི་མིང་དང་། རྩ་འཛུགས་སྒྲིག་གཞི། གཞིས་གནས། རྒྱུ་ནོར་རམ་གྲོན་དངུལ་བཅས་ཡོད་དགོས། ཁྲིམས་མི་བཙུགས་འཐུས་པའི་བྱེ་བྲག་གི་ཆ་རྐྱེན་དང་ལས་རིམ་གྱི་ཐད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་འཛིན་དགོས། ཁྲིམས་མི་འཛུགས་སྐབས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས་པར་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་ང་དགུ་པ། ཁྲིམས་མིའི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ནི། ཁྲིམས་མི་འཛུགས་པའི་དུས་ནས་འབྱུང་ཞིང་། ཁྲིམས་མི་མཇུག་སྒྲིལ་བའི་དུས་སུ་མེད་པར་འགྱུར་བ་ཡིན།
◆ དོན་ཚན་དྲུག་ཅུ་པ། ཁྲིམས་མིས་རང་ཉིད་ཀྱི་རྒྱུ་ནོར་ཡོངས་རྫོགས་ཀྱི་ཐོག་ནས་རང་ཚུགས་སུ་དམངས་དོན་འགན་འཁྲི་འཁུར་དགོས།
◆ དོན་ཚན་རེ་གཅིག་པ། བཅའ་ཁྲིམས་སམ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཁྲིམས་མིའི་འཐུས་ཚབ་བྱས་ནས་དམངས་དོན་བྱེད་སྒོ་སྤེལ་བའི་འགན་འཁུར་པ་ནི་ཁྲིམས་མིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན། ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་མིའི་མིང་ཐོག་ནས་དམངས་དོན་བྱེད་སྒོ་སྤེལ་བ་ཡིན་ན། དེའི་བཅའ་ཁྲིམས་མཇུག་འབྲས་ནི་ཁྲིམས་མིས་འཁུར་དགོས། ཁྲིམས་མིའི་སྒྲིག་ཡིག་གམ་ཁྲིམས་མིའི་དབང་འཛིན་སྒྲིག་གཞིས་ཁྲིམས་བཀོད་འཐུས་ཚབ་པའི་འཐུས་ཚབ་དབང་ཆ་ཚོད་འཛིན་བྱེད་པ་ལ། སེམས་བཟང་བལྟོས་བཅས་མིར་འགྲན་རྒོལ་བྱས་མི་ཆོག
◆ དོན་ཚན་རེ་གཉིས་པ། ཁྲིམས་བཀོད་འཐུས་ཚབ་པས་ལས་འགན་བསྒྲུབས་པའི་རྐྱེན་གྱིས་མི་གཞན་ལ་གནོད་རྐྱེན་བཟོས་ཚེ། ཁྲིམས་མིས་དམངས་དོན་འགན་འཁྲི་འཁུར་དགོས། ཁྲིམས་མིས་དམངས་དོན་འགན་འཁྲི་ཁུར་རྗེས། བཅའ་ཁྲིམས་སམ་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར། ནོར་འཛོལ་ཡོད་པའི་ཁྲིམས་བཀོད་འཐུས་ཚབ་པར་སྐྱིན་གསབ་བདའ་འདེད་བྱས་ཆོག
◆ དོན་ཚན་རེ་གསུམ་པ། ཁྲིམས་མིས་རང་ཉིད་ཀྱི་དོན་གཅོད་སྒྲིག་གཞི་གཙོ་བོ་ཡོད་ས་དེ་གཞིས་གནས་བྱེད་དགོས། ཁྲིམས་ལྟར་ན་ཁྲིམས་མི་ཐོ་འགོད་བྱེད་དགོས་པ་ཡིན་ན། དོན་གཅོད་སྒྲིག་གཞི་གཙོ་བོ་ཡོད་ས་དེ་གཞིས་གནས་སུ་ཐོ་འགོད་བྱེད་དགོས།
◆ དོན་ཚན་རེ་བཞི་པ། ཁྲིམས་མི་སོར་གནས་ཀྱི་རིང་ལ་ཐོ་འགོད་དོན་ཚན་ལ་འགྱུར་ལྡོག་བྱུང་བ་ཡིན་ན། ཁྲིམས་ལྟར་ཐོ་འགོད་ལས་ཁུངས་ལ་ཐོ་འགོད་སྒྱུར་བའི་རེ་འདུན་ཞུ་དགོས།
◆ དོན་ཚན་རེ་ལྔ་པ། ཁྲིམས་མིའི་གནས་ཚུལ་དངོས་ཐོ་འགོད་བྱས་པའི་དོན་ཚན་དང་མི་མཐུན་ས་བྱུང་ན། སེམས་བཟང་བལྟོས་བཅས་མིར་འགྲན་རྒོལ་བྱས་མི་ཆོག
◆ དོན་ཚན་རེ་དྲུག་པ། ཐོ་འགོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་མི་ཐོ་འགོད་བྱས་པའི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས།
◆ དོན་ཚན་རེ་བདུན་པ། ཁྲིམས་མི་ཟླ་སྒྲིལ་བཏང་བ་ཡིན་ན། དེའི་ཁེ་དབང་དང་འོས་འགན་ནི་ཟླ་སྒྲིལ་བཏང་རྗེས་ཀྱི་ཁྲིམས་མིས་སྤྱོད་ཅིང་འཁུར་དགོས།
ཁྲིམས་མི་ཁ་ཁར་བཙུགས་ཡོད་ན། དེའི་ཁེ་དབང་ནི་ཁ་ཁར་བཙུགས་རྗེས་ཀྱི་ཁྲིམས་མིས་སྤྱོད་ལ་ཞོར་འདྲུད་བུན་དབང་ཡང་སྤྱོད་རྒྱུ་ཡོད་པ་དང་། འོས་འགན་ནི་ཁ་ཁར་བཙུགས་རྗེས་ཀྱི་ཁྲིམས་མིས་འཁུར་ལ་ཞོར་འདྲུད་བུན་འགན་ཡང་འཁུར་དགོས། ཡིན་ནའང་བུན་བདག་དང་བུན་འགན་འཁུར་མིས་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
◆ དོན་ཚན་རེ་བརྒྱད་པ། གཤམ་གསལ་རྒྱུ་མཚན་གྲས་ཤིག་ཡོད་པ་དང་སྦྲགས། ཁྲིམས་ལྟར་གཙང་རྩིས་བྱས་ཚར་པ་དང་ཐོ་བསུབ་བྱས་ཚར་པ་ཡིན་ན། ཁྲིམས་མི་མཇུག་སྒྲིལ་བ་ཡིན།
(གཅིག) ཁྲིམས་མི་ཁ་ཐོར་བཏང་བ།
(གཉིས) ཁྲིམས་མི་མ་རྩ་སྟོངས་པར་ཁྱབ་བསྒྲགས་བྱས་པ།
(གསུམ) བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྒྱུ་མཚན་གཞན་དག ཁྲིམས་མི་མཇུག་སྒྲིལ་བའི་ཚེ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་འབྲེལ་ཡོད་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས་པར་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་རེ་དགུ་པ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། ཁྲིམས་མི་ཁ་ཐོར་གཏོང་དགོས།
(གཅིག) ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་སོར་གནས་ཡུན་ཚད་ལོངས་པའམ་ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་ཁ་ཐོར་གཏོང་དགོས་པའི་རྒྱུ་རྐྱེན་གཞན་དག་ཐོན་པ།
(གཉིས) ཁྲིམས་མིའི་དབང་འཛིན་སྒྲིག་གཞིས་ཁ་ཐོར་གཏོང་དགོས་པའི་ཆོད་དོན་བཞག་པ།
(གསུམ) ཁྲིམས་མི་ཟླ་སྒྲིལ་བཏང་བའམ་ཁ་ཁར་བཙུགས་པའི་རྐྱེན་གྱིས་ཁ་ཐོར་གཏོང་དགོས་པ།
(བཞི) ཁྲིམས་མིའི་ལས་གཉེར་ལག་ཁྱེར་དང་ཐོ་འགོད་ལག་ཁྱེར་ཁྲིམས་ལྟར་ཕྱིར་བསྡུ་བྱས་པ་དང་། བཀའ་བཀོད་བཏང་ནས་སྒོ་རྒྱག་ཏུ་བཅུག་པའམ་ཕྱིར་འཐེན་བྱས་པ།
(ལྔ) བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག
◆ དོན་ཚན་བདུན་ཅུ་པ། ཁྲིམས་མི་ཁ་ཐོར་བཏང་ཚེ། ཟླ་སྒྲིལ་བཏང་བའམ་ཁ་ཁར་བཙུགས་པའི་གནས་ཚུལ་ཕུད། གཙང་རྩིས་འོས་འགན་འཁུར་མིས་དུས་ཐོག་ཏུ་གཙང་རྩིས་ཚོ་ཆུང་བཙུགས་ནས་གཙང་རྩིས་རྒྱག་དགོས། ཁྲིམས་མིའི་ཏུང་ཧྲི་དང་ལས་འཛིན་སོགས་ལག་བསྟར་སྒྲིག་གཞིའམ་ཇུས་གཅོད་སྒྲིག་གཞིའི་ཁོངས་མི་ནི་གཙང་རྩིས་འོས་འགན་འཁུར་མི་ཡིན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། གཙང་རྩིས་འོས་འགན་འཁུར་མིས་གཙང་རྩིས་འོས་འགན་དུས་ཐོག་ཏུ་མ་བསྒྲུབས་པར་གནོད་རྐྱེན་བཟོས་པ་ཡིན་ན། དམངས་དོན་འགན་འཁྲི་འཁུར་དགོས་པ་དང་། གཙོ་སྐྱོང་ལས་ཁུངས་སམ་ཁེ་གྱོང་འབྲེལ་བ་ཡོད་མིས་མི་དམངས་ཁྲིམས་ཁང་ལ་འབྲེལ་ཡོད་མི་སྣ་དམིགས་འཛུགས་ཀྱིས་གཙང་རྩིས་ཚོ་ཆུང་བཙུགས་ཏེ་གཙང་རྩིས་རྒྱག་དགོས་པའི་རེ་འདུན་ཞུས་ཆོག
◆ དོན་ཚན་དོན་གཅིག་པ། ཁྲིམས་མིའི་གཙང་རྩིས་ལས་རིམ་དང་གཙང་རྩིས་ཚོ་ཆུང་གི་འགན་དབང་ནི། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་འཛིན་དགོས། གཏན་འབེབས་བྱས་མེད་ན། ཀུང་སིའི་སྐོར་གྱི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།
◆ དོན་ཚན་དོན་གཉིས་པ། གཙང་རྩིས་རྒྱག་རིང་ཁྲིམས་མི་སོར་གནས་ཡིན། ཡིན་ན་ཡང་གཙང་རྩིས་དང་འབྲེལ་བ་མེད་པའི་བྱེད་སྒོ་སྤེལ་མི་ཆོག གཙང་རྩིས་བརྒྱབ་རྗེས་ཀྱི་ཁྲིམས་མིའི་རྒྱུ་ནོར་ལྷག་མ་དག་ནི། ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་སམ་ཁྲིམས་མིའི་དབང་འཛིན་སྒྲིག་གཞིའི་ཆོད་དོན་ལྟར་ཐག་གཅོད་བྱེད་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས། གཙང་རྩིས་བརྒྱབ་ཟིན་ལ་ཁྲིམས་མི་ཐོ་བསུབ་ཀྱི་ཐོ་འགོད་བྱས་ཚར་དུས། ཁྲིམས་མི་མཇུག་བསྒྲིལ་བ་ཡིན། ཁྲིམས་ལྟར་ན་ཁྲིམས་མིའི་ཐོ་འགོད་བྱེད་མི་དགོས་པ་ཡིན་ན། གཙང་རྩིས་མཇུག་རྫོགས་དུས་ཁྲིམས་མི་མཇུག་བསྒྲིལ་བ་ཡིན།
◆ དོན་ཚན་དོན་གསུམ་པ། ཁྲིམས་མི་ཞིག་མ་རྩ་སྟོངས་པར་ཁྱབ་བསྒྲགས་བྱས་ཚེ། ཁྲིམས་ལྟར་མ་རྩ་སྟོངས་པའི་གཙང་རྩིས་བརྒྱབ་ཅིང་ཁྲིམས་མི་ཐོ་བསུབ་ཐོ་འགོད་བྱས་ཚར་དུས། ཁྲིམས་མི་མཇུག་བསྒྲིལ་བ་ཡིན།
◆ དོན་ཚན་དོན་བཞི་པ། ཁྲིམས་མིས་ཁྲིམས་ལྟར་ཡན་ལག་སྒྲིག་གཞི་བཙུགས་ཆོག བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་ཡན་ལག་སྒྲིག་གཞི་ཐོ་འགོད་བྱེད་དགོས་པར་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
◆ དོན་ཚན་དོན་ལྔ་པ། འཛུགས་མིས་ཁྲིམས་མི་འཛུགས་པའི་དོན་དུ་དམངས་དོན་བྱེད་སྒོ་སྤེལ་བ་ལས་བྱུང་བའི་བཅའ་ཁྲིམས་མཇུག་འབྲས་ནི་ཁྲིམས་མིས་འཁུར་དགོས་ཤིང་། ཁྲིམས་མི་བཙུགས་མེད་པ་ཡིན་ན་བཅའ་ཁྲིམས་མཇུག་འབྲས་འཛུགས་མིས་འཁུར་དགོས།
ལེའུ་གཉིས་པ། ཁེ་གཉེར་ཁྲིམས་མི།
◆ དོན་ཚན་དོན་དྲུག་པ། ཁེ་སྤོགས་རག་རྒྱུ་དང་ཁེ་སྤོགས་དེ་རྐང་བདག་སོགས་མ་རྩ་གཏོང་མི་ལ་བགོ་བཤའ་རྒྱག་རྒྱུ་དམིགས་ཡུལ་དུ་བཟུང་ནས་བཙུགས་པའི་ཁྲིམས་མི་ནི་ཁེ་གཉེར་ཁྲིམས་མི་ཡིན། ཁེ་གཉེར་ཁྲིམས་མིའི་ཁོངས་སུ་ཚད་ཡོད་འགན་འཁྲི་ཀུང་སི་དང་། མ་རྐང་ཚད་ཡོད་ཀུང་སི། ཁེ་ལས་ཀྱི་ཁྲིམས་མི་གཞན་དག་སོགས་ཚུད་ཡོད།
◆ དོན་ཚན་དོན་བདུན་པ། ཁེ་གཉེར་ཁྲིམས་མི་ནི་ཁྲིམས་ལྟར་ཐོ་འགོད་བྱས་པ་བརྒྱུད་ནས་འཛུགས་དགོས།
◆ དོན་ཚན་དོན་བརྒྱད་པ། ཁྲིམས་ལྟར་བཙུགས་པའི་ཁེ་གཉེར་ཁྲིམས་མིར་ཐོ་འགོད་ལས་ཁུངས་ཀྱིས་ཁེ་གཉེར་ཁྲིམས་མིའི་ལས་གཉེར་ལག་ཁྱེར་སྤྲོད་དགོས། ལས་གཉེར་ལག་ཁྱེར་སྤྲོད་པའི་དུས་ཚོད་ནི་ཁེ་གཉེར་ཁྲིམས་མི་བཙུགས་པའི་དུས་ཚོད་ཡིན།
◆ དོན་ཚན་དོན་དགུ་པ། ཁེ་གཉེར་ཁྲིམས་མི་འཛུགས་པའི་ཚེ་ཁྲིམས་ལྟར་ཁྲིམས་མིའི་སྒྲིག་ཡིག་གཏན་འབེབས་བྱེད་དགོས།
◆ དོན་ཚན་བརྒྱད་ཅུ་པ། ཁེ་གཉེར་ཁྲིམས་མིར་དབང་འཛིན་སྒྲིག་གཞི་འཛུགས་དགོས། དབང་འཛིན་སྒྲིག་གཞིས་ཁྲིམས་མིའི་སྒྲིག་ཡིག་དག་བཅོས་དང་། ལག་བསྟར་སྒྲིག་གཞི་དང་ལྟ་སྐུལ་སྒྲིག་གཞིའི་ཁོངས་མི་འདེམས་པའམ་བརྗེ་བ། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་འགན་དབང་གཞན་དག་བཅས་སྤྱོད་དགོས།
◆ དོན་ཚན་གྱ་གཅིག་པ། ཁེ་གཉེར་ཁྲིམས་མིར་ལག་བསྟར་སྒྲིག་གཞི་འཛུགས་དགོས། ལག་བསྟར་སྒྲིག་གཞིས་དབང་འཛིན་སྒྲིག་གཞིའི་གྲོས་ཚོགས་སྐོང་འཚོག་དང་། ཁྲིམས་མིའི་གཉེར་སྐྱོང་འཆར་གཞི་དང་མ་འཇོག་འཆར་གཞི་ཐག་གཅོད། ཁྲིམས་མིའི་ནང་ཁུལ་གྱི་དོ་དམ་སྒྲིག་གཞི་འཛུགས་རྒྱུ་ཐག་གཅོད། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ལ་བཀོད་པའི་འགན་དབང་གཞན་དག་བཅས་སྤྱོད་དགོས། ལག་བསྟར་སྒྲིག་གཞི་ནི་ཏུང་ཧྲི་ལྷན་ཚོགས་སམ་ལག་བསྟར་ཏུང་ཧྲི་ཡིན་ན། ཏུང་ཧྲི་འགོ་གཙོ་དང་། ལག་བསྟར་ཏུང་ཧྲིའམ་སྤྱི་གཉེར་པས་ཁྲིམས་མིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཁྲིམས་བཀོད་འཐུས་ཚབ་པ་འཁུར་དགོས་པ་དང་། ཏུང་ཧྲི་ལྷན་ཚོགས་སམ་ལག་བསྟར་ཏུང་ཧྲི་བཙུགས་མེད་ན། ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་འགན་འཁུར་པ་གཙོ་བོས་དེའི་ལག་བསྟར་སྒྲིག་གཞི་དང་ཁྲིམས་བཀོད་འཐུས་ཚབ་པ་བྱེད་དགོས།
◆ དོན་ཚན་གྱ་གཉིས་པ། ཁེ་གཉེར་ཁྲིམས་མིར་ལྟ་ཞིབ་པའི་ལྷན་ཚོགས་སམ་ལྟ་ཞིབ་པ་སོགས་ལྟ་སྐུལ་སྒྲིག་གཞི་བཙུགས་ཡོད་ན། ལྟ་སྐུལ་སྒྲིག་གཞིས་ཁྲིམས་ལྟར་ཁྲིམས་མིའི་ནོར་དོན་ལ་ཞིབ་བཤེར་བྱེད་དགོས་པ་དང་། ལག་བསྟར་སྒྲིག་གཞིའི་ཁོངས་མི་དང་། མཐོ་རིམ་དོ་དམ་མི་སྣས་ཁྲིམས་མིའི་ལས་གནས་ལག་བསྟར་བྱེད་པའི་བྱ་སྤྱོད་དང་། དེ་བཞིན་ཁྲིམས་མིའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་ལ་ལྟ་སྐུལ་བྱེད་དགོས།