ཆེད་སྒྲིག་ལེ་ཚན།
 

དམངས་དོན་ཁྲིམས་གཞུང་།ལེའུ་དང་པོ།གཉིས་པ།གསུམ་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-05-24  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

བམ་པོ་དང་པོ། སྤྱིའི་དོན་ཚན།

ལེའུ་དང་པོ། གཞི་རྩའི་གཏན་འཁེལ།

དོན་ཚན་དང་པོ། 【ཁྲིམས་འཛུགས་དམིགས་ཡུལ】དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་དམངས་དོན་འབྲེལ་བ་སྙོམས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་བླང་བྱ་དང་མཐུན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་ཆེད། རྩ་ཁྲིམས་གཞིར་བཟུང་ནས་བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན། 

དོན་ཚན་གཉིས་པ། 【སྙོམས་སྒྲིག་ཁྱབ་ཁོངས】དམངས་དོན་བཅའ་ཁྲིམས་ཀྱིས་འདྲ་མཉམ་བྱེད་པོའི་རང་བྱུང་མི་དང་ཁྲིམས་མི། ཁྲིམས་མི་མ་ཡིན་པའི་རྩ་འཛུགས་བར་གྱི་མི་ལུས་འབྲེལ་བ་དང་རྒྱུ་ནོར་འབྲེལ་བ་སྙོམས་སྒྲིག་བྱ་དགོས།

དོན་ཚན་གསུམ་པ། 【དམངས་དོན་ཁེ་ཕན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ】དམངས་དོན་བྱེད་པོའི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པས། རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་གནོད་འཚེ་བཏང་མི་ཆོག

དོན་ཚན་བཞི་པ། 【འདྲ་མཉམ་རྩ་དོན】དམངས་དོན་བྱེད་སྒོའི་ཁྲོད་དམངས་དོན་བྱེད་པོའི་བཅའ་ཁྲིམས་གོ་གནས་འདྲ་མཉམ་ཡིན་དགོས།

དོན་ཚན་ལྔ་པ། 【རང་མོས་རྩ་དོན】དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་སྐབས་རང་མོས་རྩ་དོན་བརྩི་སྲུང་བྱས་ཏེ། རང་རང་གི་འདོད་མོས་ལྟར་དམངས་དོན་བཅའ་ཁྲིམས་འབྲེལ་བ་འཛུགས་པ་དང་སྒྱུར་བཅོས། མཚམས་བཞག་བཅས་ཆོག་པ། 

དོན་ཚན་དྲུག་པ། 【དྲང་གཞག་རྩ་དོན】དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་སྐབས་དྲང་གཞག་རྩ་དོན་ལ་བརྩི་སྲུང་དང་། ལུགས་མཐུན་གྱིས་ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱ་དགོས། 

དོན་ཚན་བདུན་པ། 【ཡིད་རྟོན་རྩ་དོན】དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་སྐབས་ཡིད་རྟོན་རྩ་དོན་བརྩི་སྲུང་དང་། གཞུང་དྲང་དང་ཁ་ཆད་ཚིག་ལ་གནས་དགོས། 

དོན་ཚན་བརྒྱད་པ། 【ཁྲིམས་སྲུང་དང་སྤྱི་སྲོལ་ལུགས་བཟང་རྩ་དོན】དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་སྐབས། བཅའ་ཁྲིམས་དང་འགལ་མི་ཆོག་ལ། སྤྱི་སྲོལ་ལུགས་བཟང་ལའང་འགལ་མི་ཆོག་པ།

དོན་ཚན་དགུ་པ། 【ལྗང་མདོག་རྩ་དོན】དམངས་དོན་བྱེད་པོས་དམངས་དོན་བྱེད་སྒོ་སྤེལ་སྐབས། ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕན་དགོས། 

དོན་ཚན་བཅུ་པ། 【བཅའ་ཁྲིམས་བཀོལ་སྤྱོད】དམངས་དོན་རྩོད་གཞི་ཐག་གཅོད་བྱེད་སྐབས་ངེས་པར་བཅའ་ཁྲིམས་ལྟར་ཐག་གཅོད་དགོས་ཤིང་། བཅའ་ཁྲིམས་ནང་གཏན་འཁེལ་བྱས་མེད་ན་གོམས་སྲོལ་ལྟར་ཐག་བཅད་ཆོག་མོད། འོན་ཀྱང་སྤྱི་སྲོལ་ལུགས་བཟང་དང་འགལ་མི་ཆོག་པ།

དོན་ཚན་བཅུ་གཅིག་པ། 【དམིགས་བསལ་བཅའ་ཁྲིམས་ཐོག་མར་སྤྱོད་པ】བཅའ་ཁྲིམས་གཞན་དག་ནང་དམངས་དོན་འབྲེལ་བར་དམིགས་བསལ་གྱི་གཏན་འཁེལ་བྱས་ཡོད་ན། གཏན་འཁེལ་དེ་ལྟར་བྱ་དགོས། 

དོན་ཚན་བཅུ་གཉིས་པ། 【ནུས་པའི་ཁྱབ་ཁོངས】ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་དམངས་དོན་བྱེད་སྒོའི་ཕྱོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཀོད་སྤྱོད་བྱ་དགོས། གཏན་འཁེལ་གཞན་དག་ཡོད་ན། གཏན་འཁེལ་དེ་ལྟར་བྱ་དགོས།

ལེའུ་གཉིས་པ། རང་བྱུང་མི།

ས་བཅད་དང་པོ། དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་སྤེལ་ནུས།

དོན་ཚན་བཅུ་གསུམ་པ། 【རང་བྱུང་མིའི་ཁེ་དབང་ནུས་པའི་མགོ་མཇུག】རང་བྱུང་མི་སྐྱེ་བའི་ཉིན་ནས་འཆི་བའི་བར་དམངས་དོན་ཁེ་དབང་ཡོད་པ་མ་ཟད། བཅའ་ཁྲིམས་ལྟར་དམངས་དོན་ཁེ་དབང་ལོངས་སུ་སྤྱད་ཆོག་ལ་དམངས་དོན་འོས་འགན་ཡང་འཁུར་དགོས། 

དོན་ཚན་བཅུ་བཞི་པ། 【རང་བྱུང་མིའི་དམངས་དོན་ཁེ་དབང་དང་ནུས་པ་འདྲ་མཉམ་ཡིན】རང་བྱུང་མིའི་དམངས་དོན་ཁེ་དབང་དང་ནུས་པ་ཚང་མ་འདྲ་མཉམ་ཡིན། 

དོན་ཚན་བཅོ་ལྔ་པ། 【རང་བྱུང་མིའི་སྐྱེ་དུས་དང་འཆི་དུས་རྡར་ཤ་གཅོད་པའི་ཚད་གཞི】རང་བྱུང་མིའི་སྐྱེ་དུས་དང་འཆི་དུས་དེ། སྐྱེ་པའི་དབང་ཡིག་དང་འཆི་བའི་དཔང་ཡིག་སྟེང་བཀོད་པའི་དུས་ཚོད་ཚད་གཞིར་འཛིན་དགོས། གལ་ཏེ་སྐྱེ་པའི་དབང་ཡིག་དང་འཆི་བའི་དཔང་ཡིག་མེད་ན། ཁྱིམ་ཐོའམ་ནུས་ལྡན་ཐོབ་ཐང་ཐོ་འགོད་གཞན་པར་བཀོད་པའི་དུས་ཚོད་གཞིར་འཛིན་དགོས། དཔང་རྟགས་གཞན་པས་གོང་གསལ་ཐོ་འགོད་དུས་ཚོད་རྩིས་མེད་དུ་གཏོང་ཐུབ་ན། དཔང་རྟགས་དེར་བཀོད་པའི་དུས་ཚོད་གཞིར་འཛིན་དགོས། 

དོན་ཚན་བཅུ་དྲུག་པ། 【མངལ་གནས་ཕྲུ་གུའི་ཁེ་ཕན་གྱི་དམིགས་བསལ་སྲུང་སྐྱོང】ཤུལ་ནོར་རྒྱུན་འཛིན་དང་གཞན་གྱི་སྟེར་སྦྱིན་དང་ལེན་བྱེད་པ་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོང་དང་འབྲེལ་བ་ཡོད་ན། མངལ་གནས་ཕྲུ་གུར་དམངས་དོན་ཁེ་དབང་ཡོད་པར་བརྩི་དགོས། འོན་ཀྱང་ཕྲུ་གུ་དེ་སྐྱེ་དུས་སུ་ཤི་བོ་ཡིན་ན། དེའི་དམངས་དོན་ཁེ་དབང་གི་ནུས་པ་ཐོག་མ་ཉིད་ནས་མེད་པར་བརྩི་དགོས།

དོན་ཚན་བཅུ་བདུན་པ། 【དར་མ་དང་ནར་མ་སོན་པ་ཚད་གཞི】ལོ18ལོན་པའི་རང་བྱུང་མི་ནི་དར་མ་ཡིན་ལ། ལོ18མ་ལོན་པ་ནི་ནར་མ་སོན་པའི་མི་ཡིན།

ས་བཅད་གཉིས་པ། ལྟ་སྐྱོང་།

དོན་ཚན་ཉེར་དྲུག་པ། 【ཕ་མ་དང་བུ་ཕྲུག་བར་གྱི་བཅའ་ཁྲིམས་འོས་འགན】ཕ་མར་ནར་མ་སོན་པའི་བུ་དང་བུ་མོར་གསོ་སྐྱོང་དང་སློབ་གསོ། སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་ཡོད།

ནར་སོན་པའི་བུ་དང་བུ་མོར་ཕ་མར་ཞབས་ཏོག་ཞུ་བ་དང་རོགས་སྐྱོར་བྱེད་པ། སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད།

དོན་ཚན་ཉེར་བདུན་པ། 【ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན】ཕ་མ་ནི་ནར་མ་སོན་པའི་བུ་དང་བུ་མོའི་ལྟ་སྐྱོང་པ་ཡིན། ནར་མ་སོན་པའི་མིའི་ཕ་མ་ཤི་བའམ་ལྟ་སྐྱོང་བྱེད་ནུས་ཉམས་ན། གཤམ་གསལ་ལྟ་སྐྱོང་ནུས་པ་ཡོད་པའི་གོ་རིམ་ལྟར་ལྟ་སྐྱོང་གི་འགན་འཁུར་དགོས།

(གཅིག) སྤོ་བོ་དང་རྨོ་བོ།

(གཉིས) གཅེན་པོ་དང་གཅེན་མོ།

(གསུམ) གཞན་ལྟ་སྐྱོང་བྱེད་འདོད་ཡོད་པའི་མི་དང་རྩ་འཛུགས་བཅས་ཡིན། འོན་ཀྱང་ངེས་པར་ནར་མ་སོན་པའི་མི་སྡོད་སའི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་གི་མོས་མཐུན་ཐོབ་དགོས།

དོན་ཚན་ཉེར་བརྒྱད་པ། 【དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཡོད་པའི་དར་མའི་ལྟ་སྐྱོང་མཁན】དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཡོད་པའི་དར་མ་ལ་གཤམ་གསལ་ལྟ་སྐྱོང་ནུས་པ་ཡོད་པའི་གོ་རིམ་ལྟར་ལྟ་སྐྱོང་གི་འགན་འཁུར་དགོས།

(གཅིག) བཟའ་ཟླ།

(གཉིས) ཕ་མ་དང་བུ་ཕྲུག

(གསུམ) གཉེན་ཉེ་གཞན་དག

(བཞི) གཞན་ལྟ་སྐྱོང་བྱེད་འདོད་ཡོད་པའི་མིའམ་རྩ་འཛུགས། འོན་ཀྱང་ངེས་པར་ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་གི་མོས་མཐུན་ཐོབ་དགོས།

དོན་ཚན་ཉེར་དགུ་པ། 【ཁ་ཆེམས་ལྟར་ལྟ་སྐྱོང་མཁན་དམིགས་འཛུགས་བྱེད་པ】ལྟ་སྐྱོང་བྱ་ཡུལ་གྱི་ཕ་མས་ལྟ་སྐྱོང་གི་འགན་འཁུར་དུས། ཁ་ཆེམས་ལྟར་ལྟ་སྐྱོང་མཁན་དམིགས་འཛུགས་བྱས་ཆོག

དོན་ཚན་སུམ་ཅུ་པ། 【གྲོས་བྱས་ནས་ལྟ་སྐྱོང་མཁན་གཏན་འཁེལ་བྱེད་པ】ཁྲིམས་ལྟར་ལྟ་སྐྱོང་གི་ཐོབ་ཐང་ཡོད་མཁན་བར་གྲོས་བྱས་ནས་ལྟ་སྐྱོང་མཁན་གཏན་འཁེལ་བྱས་ཆོག་མོད། འོན་ཀྱང་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་དངོས་ལ་བརྩི་འཇོག་བྱ་དགོས།

དོན་ཚན་སོ་གཅིག་པ། 【ལྟ་སྐྱོང་གི་རྩོད་གཞི་ཐག་གཅོད་བྱེད་པའི་གོ་རིམ】ལྟ་སྐྱོང་མཁན་གཏན་འཁེལ་བྱེད་པར་རྩོད་གཞི་ཡོད་ན་ལྟ་སྐྱོང་བྱ་ཡུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པ་དམིགས་འཛུགས་བྱས་ཆོག འབྲེལ་ཡོད་དོ་བདག་གིས་དམིགས་སུ་བཙུགས་པ་ལ་མ་འཐད་ན་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་མཁན་དམིགས་འཛུགས་བྱ་རྒྱུའི་རེ་འདུན་ཞུས་ཆོག དེ་མིན་འབྲེལ་ཡོད་དོ་བདག་གིས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་མཁན་དམིགས་འཛུགས་བྱ་རྒྱུའི་རེ་འདུན་ཞུས་ཀྱང་ཆོག

གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག་གམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱས་ནས་ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ལྟ་སྐྱོང་མཁན་དམིགས་འཛུགས་བྱ་དགོས། 

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འཁེལ་ལྟར་ལྟ་སྐྱོང་མཁན་དམིགས་འཛུགས་མ་བྱས་གོང་ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། དེ་བཞིན་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་སྲུང་སྐྱོང་བྱེད་མཁན་མེད་པར་གནས་ཡོད་དུས། ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་སུ་གཏན་འཁེལ་བྱས་པའི་འབྲེལ་ཡོད་རྩ་འཛུགས་སམ་ཡང་ན་དམངས་སྲིད་སྡེ་ཁག་གིས་གནས་སྐབས་སུ་ལྟ་སྐྱོང་མཁན་གྱི་འགན་འཁུར་དགོས། 

ལྟ་སྐྱོང་མཁན་དམིགས་འཛུགས་བྱས་རྗེས་རང་འདོད་ཀྱིས་བརྗེས་མི་ཆོག རང་འདོད་ཀྱིས་བརྗེས་རུང་དམིགས་འཛུགས་བྱས་པའི་ལྟ་སྐྱོང་མཁན་གྱི་འགན་འཁྲི་མེད་པར་བཟོ་མི་ཐུབ། 

དོན་ཚན་སོ་གཉིས་པ། 【གཞུང་དོན་ལྟ་སྐྱོང་མཁན】ཁྲིམས་ལྟར་ལྟ་སྐྱོང་གི་ཐོབ་ཐང་མེད་པའི་མི་ལ་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་མཁན་གྱི་འགན་འཁུར་དགོས། ལྟ་སྐྱོང་གི་ཆ་རྐྱེན་འཛོམས་པའི་ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ཡང་ཆོག

དོན་ཚན་སོ་གསུམ་པ། 【ཡིད་སྟོན་ལྟ་སྐྱོང】དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་དར་མའི་མི་དེའི་གཉེན་ཉེ་དང་། ལྟ་སྐྱོང་པ་བྱེད་འདོད་ཡོད་པའི་མི་སྒེར་རམ་རྩ་འཛུགས་གཞན་དག་དང་ཡིག་ཐོག་ནས་རང་ཉིད་ཀྱི་ལྟ་སྐྱོང་བྱེད་མི་གཏན་འཁེལ་བྱས་ཆོག རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཡང་ན་ཆ་ཤས་ཤོར་བའི་སྐབས་སུ་ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་གི་འགན་འཁྲི་བསྒྲུབ་དགོས།

དོན་ཚན་སོ་བཞི་པ། 【ལྟ་སྐྱོང་མཁན་གྱི་འགན་འཁྲི་དང་ཁེ་དབང་། གནས་སྐབས་འཚོ་བའི་ལྟ་སྐྱོང་གི་བྱེད་ཐབས】ལྟ་སྐྱོང་མཁན་གྱི་འགན་འཁྲི་ནི་ལྟ་སྐྱོང་བྱ་ཡུལ་གྱི་ལས་ཚབ་བྱས་ནས་དམངས་དོན་ཁྲིམས་འབྲེལ་ཀྱི་བྱ་སྤྱོད་སྤེལ་བ་དང་ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། ཁྲིམས་མཐུན་ཁེ་དབང་གཞན་དག་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན། 

ལྟ་སྐྱོང་མཁན་གྱིས་ཁྲིམས་ལྟར་ལྟ་སྐྱོང་གི་འགན་འཁྲི་བསྒྲུབས་ནས་བྱུང་བའི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས།

ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་གི་འགན་འཁྲི་མ་སྒྲུབ་པའམ་ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན་བཅའ་ཁྲིམས་ཀྱི་འགན་འཁུར་དགོས། 

གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་ཛ་དྲག་ཆེ་བའི་གནས་ཚུལ་བྱུང་ནས་ལྟ་སྐྱོང་མཁན་གྱིས་གནས་སྐབས་ལྟ་སྲུང་གི་འགན་འཁྲི་སྒྲུབ་ཐབས་བྲལ་ཞིང་ལྟ་སྐྱོང་བྱ་ཡུལ་གྱི་འཚོ་བར་ལྟ་སྐྱོང་མཁན་མེད་པའི་གནས་སུ་གྱུར་ཚེ། ལྟ་སྐྱོང་བྱ་ཡུལ་སྡོད་སའི་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བྱ་ཡུལ་ལ་གནས་སྐབས་སུ་དགོས་ངེས་ཀྱི་འཚོ་བའི་ལྟ་སྐྱོང་བྱེད་ཐབས་བཀོད་སྒྲིག་བྱ་དགོས།

དོན་ཚན་སོ་ལྔ་པ། 【ལྟ་སྐྱོང་མཁན་གྱིས་འགན་འཁྲི་ལག་བསྟར་བྱེད་པའི་རྩ་དོན་དང་བླང་བྱ】ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ལྟ་སྐྱོང་གི་འགན་འཁྲི་བསྒྲུབ་དགོས། ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་ལས་གཞན་ལྟ་སྐྱོང་བྱ་ཡུལ་གྱི་རྒྱུ་ནོར་ཐག་བཅད་མི་ཆོག

ནར་མ་སོན་པའི་མིའི་ལྟ་སྐྱོང་མཁན་གྱིས་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱས་ནས་ལྟ་སྐྱོང་བྱ་ཡུལ་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་རིགས་ཐག་གཅོད་དུས། ལྟ་སྐྱོང་བྱ་ཡུལ་གྱི་ལོ་ཚོད་དང་བློ་རིག་གི་གནས་ཚུལ་གཞིར་བཟུང་ནས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ལ་བརྩི་འཇོག་བྱ་དགོས་ལ། ལྟ་སྐྱོང་བྱ་ཡུལ་གྱིས་རང་ཚུགས་ངང་ཐག་གཅོད་བྱེད་ཐུབ་པའི་ལས་དོན་ལ་ལྟ་སྐྱོང་མཁན་གྱིས་ཐེ་གཏོགས་བྱས་མི་ཆོག

དོན་ཚན་སོ་དྲུག་པ། 【ལྟ་སྐྱོང་མཁན་གྱི་ཐོབ་ཐང་ཕྱིར་འཐེན】ལྟ་སྐྱོང་མཁན་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྒེར་རམ་རྩ་འཛུགས་ཀྱི་རེ་ཞུ་གཞིར་བཟུང་ནས་ལྟ་སྐྱོང་མཁན་གྱི་ཐོབ་ཐང་ཕྱིར་འཐེན་བྱས་ཏེ། གནས་སྐབས་སུ་དགོས་ངེས་ཀྱི་ལྟ་སྐྱོང་བྱེད་ཐབས་བཀོད་སྒྲིག་བྱས་ནས། ཁྲིམས་ལྟར་ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ལྟ་སྐྱོང་མཁན་དམིགས་འཛུགས་བྱས་ཆོག་པ་སྟེ།

(གཅིག) ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཟོས་པའི་བྱ་སྤྱོད་སྤེལ་བ།

(གཉིས) ལྟ་སྐྱོང་གི་འགན་འཁྲི་བསྒྲུབ་པར་སྒྱིད་ལུག་བྱས་པའམ་ཡང་ན་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་ཐབས་བྲལ་བར་མ་ཟད། ལྟ་སྐྱོང་གི་འགན་འཁྲི་ཆ་ཤས་སམ་ཡོངས་རྫོགས་མི་གཞན་ལ་མངགས་བཅོལ་མི་བྱེད་པར་ལྟ་སྐྱོང་བྱ་ཡུལ་དེ་ཉེན་ཁའི་གནས་སུ་གྱར་བ།

(གསུམ) ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་བྱ་སྤྱོད་གཞན་དག

དོན་ཚན་འདིའི་ནང་གཏན་འཁེལ་བྱས་པའི་འབྲེལ་ཡོད་མི་སྒེར་དང་རྩ་འཛུགས་ནི་ཁྲིམས་ལྟར་ལྟ་སྐྱོང་གི་ཐོབ་ཐང་ཡོད་པའི་མི་གཞན་དག་དེ། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ནར་མ་སོན་པའི་མིའི་སྲུང་སྐྱོང་རྩ་འཛུགས། ཁྲིམས་ལྟར་བཙུགས་པའི་རྒས་འཁོགས་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཡིན། 

གོང་གསལ་དོན་ཚན་ནང་གཏན་འཁེལ་བྱས་པའི་མི་སྒེར་དང་དམངས་སྲིད་སྡེ་ཁག་ཕུད་པའི་རྩ་འཛུགས་གཞན་དག་གིས་དུས་ཐོག་ཏུ་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་མཁན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་མ་ཞུས་ན་དམངས་སྲིད་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུ་དགོས། 

དོན་ཚན་སོ་བདུན་པ། 【ལྟ་སྐྱོང་མཁན་གྱི་ཐོབ་ཐང་ཕྱིར་འཐེན་བྱས་རྗེས་གྲོན་དངུལ་ལ་སོགས་སྟེར་བའི་འོས་འགན་ཡོད】ཁྲིམས་ལྟར་ལྟ་སྐྱོང་བྱ་ཡུལ་ལ་གསོ་རྟེན་དང་ཞབས་ཏོག་གྲོན་དངུལ། འཚོ་རྟེན་བཅས་ཀྱི་འགན་འཁྲི་ཡོད་པའི་ཕ་མ་དང་བུ་བུ་མོ། བཟའ་ཟླ་སོགས་ཀྱི་ལྟ་སྐྱོང་མཁན་གྱི་ཐོབ་ཐང་དེ་མི་དམངས་ཁྲིམས་ཁང་གིས་མེད་པར་བཟོས་ཀྱང་། གྲོན་དངུལ་ལ་སོགས་སྟེར་བའི་འོས་འགན་མུ་མཐུད་བསྒྲུབ་དགོས།

དོན་ཚན་སོ་བརྒྱད་པ། 【ལྟ་སྐྱོང་མཁན་གྱི་ཐོབ་ཐང་སླར་གསོ】ལྟ་སྐྱོང་བྱ་ཡུལ་གྱི་ཕ་མའམ་བུ་བུ་མོའི་ལྟ་སྐྱོང་ཐོབ་ཐང་དེ་མི་དམངས་ཁྲིམས་ཁང་གིས་ཕྱིར་འཐེན་བྱས་རྗེས། ལྟ་སྐྱོང་བྱ་ཡུལ་ལ་བསམ་བཞིན་དུ་བྱས་ཉེས་བསགས་པ་ལས་གཞན་འགྱོད་བཤགས་ཀྱི་གནས་ཚུལ་ཡོད་ན་དེའི་རེ་འདུན་ཞུས་པ་དང་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གནས་ཚུལ་ལ་གཞིར་བཟུང་ནས་ཐོབ་ཐང་སླར་གསོ་བྱས་ཆོག མི་དམངས་ཁྲིམས་ཁང་གིས་དམིགས་འཛུགས་བྱས་པའི་ལྟ་སྐྱོང་འབྲེལ་བ་གཞན་དག་དུས་མཉམ་དུ་མཇུག་རྫོགས་དགོས།

དོན་ཚན་སོ་དགུ་པ། 【ལྟ་སྐྱོང་གི་འབྲེལ་བ་མཇུག་རྫོགས་པའི་གནས་ཚུལ】གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། ལྟ་སྐྱོང་གི་འབྲེལ་བ་མཇུག་རྫོགས་དགོས་ཏེ།

(གཅིག) ལྟ་སྐྱོང་བྱ་ཡུལ་གྱིས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལོན་པའམ་ཡང་ན་སླར་གསོ་བྱུང་བ།

(གཉིས) ལྟ་སྐྱོང་མཁན་གྱི་ལྟ་སྐྱོང་བྱེད་ནུས་ཤོར་བ།

(གསུམ) ལྟ་སྐྱོང་བྱ་ཡུལ་ལམ་ལྟ་སྐྱོང་མཁན་ཤི་བ།

(བཞི) མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་པའི་ལྟ་སྐྱོང་གི་འབྲེལ་བ་མཇུག་རྫོགས་པའི་གནས་ཚུལ་གཞན་དག

ལྟ་སྐྱོང་གི་འབྲེལ་བ་མཇུག་རྫོགས་ནས་ལྟ་སྐྱོང་བྱ་ཡུལ་ལ་སྔར་བཞིན་ལྟ་སྐྱོང་བྱ་དགོས་ན། ཁྲིམས་ལྟར་ལྟ་སྐྱོང་མཁན་གཞན་པ་གཏན་འཁེལ་བྱ་དགོས།

གོང་མ།:ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་སྐྲུན་གླིང་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་། (ཚན་བཏུས)